website templates free download

Table

རྗེས་སུ་ཡི་རང་།
Appreciating kindness

ཇི་ལྟར་ཉི་མ་མེ་ཏོག་གིས་རང་ཉིད་གསོ་སྐྱོང་བྱེད་པོ་ཉི་མ་ལ་རང་བཞིན་གྱིས་ཁ་ཕྱོགས་པ་བཞིན། ང་ཚོ་འགྲོ་བ་མི་རྣམས་ཀྱང་ཕན་སེམས་ཕྱོགས་སུ་རང་བཞིན་གྱིས་ཁ་ཕྱོགས་ཡོད།
Just as the sunfower naturally turns towards the sun that nurtures it,
so are we as humans drawn naturally towards kindness.

༡། རྗེས་སུ་ཡི་རང་།

སྒྲུང་།

གཞོན་ནུ་དོན་གྲུབ་དང་ངང་པ།

སྔ་རབས་ཀྱི་རྒྱ་གར་བའི་གཏམ་རྒྱུད་འདིར། གཞོན་ནུ་དོན་གྲུབ་ཀྱི་སྤུན་ལྷས་བྱིན་གྱིས་ཇི་མི་སྙམ་པས་ངང་སོ་སོའི་མདའ་གཞུ་ལ་སྦྱར་ཏེ་ངང་པ་ལ་འཕངས་པ་དང་། གཞོན་ནུ་དོན་གྲུབ་ཀྱིས་ངང་པ་རྙེད་ནས་དེའི་རྨ་ཁར་སྨན་བཅོས་བྱས། སྤུན་གྱིས་ངང་པ་དེ་གནམ་ལ་ཡོད་དུས་མདའ་རྒྱག་མཁན་དང་། དེ་ས་ལ་ལྷུང་སྟེ་ཤི་གྲབས་ཡོད་པ་ལས་སྐྱོབ་མཁན་གཉིས་སུ་ལ་ཐོབ་མིན་ཐད་རྩོད་པ་བརྒྱབ་པ་དང་། ཁོ་གཉིས་རྒྱལ་པོའི་ཕོ་བྲང་དུ་ཁྲིམས་དཔོན་སར་ཕྱིན། ཁྲིམས་དཔོན་གྱིས་སྤུན་གཉིས་བར་བཙན་གྱིས་འདེམས་ཀ་སྤྲོད་འདོད་མེད་སྟབས། ཁོས་ངང་པ་ལ་འདེམས་འཇུག་རྒྱུ་ཐག་བཅད་དེ། ངང་པ་ལ་འདེམས་ཀ་སྤྲོད་སྐབས། ངང་པས་གཞོན་ནུ་དོན་གྲུབ་བདམས་པ་རེད།


གོ་དོན།

རང་གཞན་གཉིས་ཀའི་སྒོ་གསུམ་གྱི་བཟང་སྤྱོད་ལ་དགའ་བ་སྒོམ་པའི་བསམ་བློ།

དཔེ་མཚོན།

ཨ་མ་ཊེ་རི་ས་ཡིས་མཛེ་ནད་ཀྱིས་མནར་བའི་ཉམ་ཐག་ནད་པའི་རིགས་ལ་རོགས་རམ་བྱས་པའི་བྱ་བ་ལྟ་བུ་ལ་དགའ་བ་སྒོམ་པ་བཞིན་ནོ། །

༧གོང་ས་མཆོག་གིས།

ང་ཚོའི་སྙིང་དུ་སྡུག་པའི་མི་རྣམས་ལ་བདེ་སྐྱིད་བྱུང་དུས་དེར་རང་བཞིན་གྱིས་དགའ་པོ་བྱེད་ཅིང་། མི་ཚང་མའི་དགའ་མོས་བྱ་ཡུལ་དེ་གཞན་གྱི་འཛུམ་མདངས་ཡིན་པ་ལས་མི་འདོད་པའི་རྣམ་འགྱུར་མ་ཡིན།

བསམ་བློའི་སྦྱོང་བརྡར།

  1. རང་དང་གཞན་གྱིས་སྤྱོད་པ་བཟང་པོ་སྔར་བྱས་ཟིན་པ་དང་། བྱེད་བཞིན་པ། བྱེད་པར་འགྱུར་བ་ལ་དགའ་བ་ཡང་ཡང་སྒོམ།
  2. རྗེས་སུ་ཡི་རང་སྒོམ་པ་ནི་ཕྲག་དོག་གི་གཉེན་པོ་ཡག་ཤོས་ཡིན།
  3. གཞན་གྱི་ལེགས་པའི་བྱ་བ་ལ་ཡི་རང་དང་། བསྔགས་བརྗོད། གུས་བརྩི་བྱས་ན་རང་ཡང་དེ་ལྟར་བྱེད་འདོད་འབྱུང་བས། རང་ཉིད་ཀྱི་བཟང་སྤྱོད་གོང་འཕེལ་གཏོང་བ་ལ་རོགས་འདེགས་བྱེད་ཀྱི་ཡོད་སྟབས་དེ་ལྟར་རྗེས་སུ་ཡི་རང་སྒོམས།
  4. ༸གོང་ས་མཆོག་གི་མཛད་རྗེས་ལ་ཡི་རང་དང་བཀའ་བཞིན་བསྒྲུབ་པར་དོན་གཉེར་གྱི་འདུན་པ་ཡང་ཡང་བསྐྱེད་རྒྱུ།།

ཉིན་རེའི་ལག་ལེན།

གཞན་གྱི་སྤྱོད་བཟང་གང་ཞིག་གིས་རང་ཉིད་ཀྱི་ཡིད་དབང་འཕྲོག་པ་དང་། དགའ་བ་སྟེར་བཞིན་འདུག་དྲན་ནས་ཐོ་འགོད་བྱ་རྒྱུ།

གཞན་གྱི་ཀུན་སྤྱོད་བཟང་པོ་ལ་ཕྲག་དོག་བྱས་དང་བྱེད་བཞིན་པ་གང་ཞིག་ཡོད་མེད་ལ་ཞིབ་འཇུག་བྱས་ཏེ། མེད་ན་དགའ་བ་སྒོམས། གལ་ཏེ་ཡོད་ན་ཕྲག་དོག་བྱེད་ཡུལ་གྱི་གང་ཟག་དེ་ལ་དམིགས་ནས་དེའི་གཉེན་པོར་རྗེས་སུ་ཡི་རང་རྒྱུན་བསྲིངས་ཏེ་ཉམས་ལེན་བྱོས།

སློབ་སྦྱོང་དང་ཀུན་སྤྱོད་ཡག་པོ་ཡོད་པའི་སློབ་ཕྲུག་དང་། དགེ་རྒན་དག་ལ་ཡི་རང་བསྔགས་བརྗོད་དང་། ཁོང་རྣམས་མིག་དཔེར་བཟུང་ནས་འགྲོགས་འདྲིས་བྱས་ཏེ། རང་ཉིད་ཀྱིས་སློབ་སྦྱོང་དང་ཀུན་སྤྱོད་ཡར་རྒྱས་གཏོང་རྒྱུའི་འབད་བརྩོན་གནང་དགོས།

བྱེད་སྒོ།

མཐོང་ཐོས་མྱོང་གསུམ་དུ་གྱུར་པའི་ཕན་པའི་བྱ་བ་ལ་རྗེས་སུ་ཡི་རང་དང་འབྲེལ་བའི་མྱོང་ཚོར་བྲིས་ནས་བཤད་དུ་འཇུག་དགོས།

བྱ་ཐབས།

  1. སློབ་ཕྲུག་ ༤ ནས་ ༦ བར་གྱི་ཚོགས་ཆུང་བགོས།
  2. ཚོགས་ཆུང་སོ་སོས་གྱང་སྦྱར་ཐོག་ Y དབྱིབས་ཅན་གྱི་དཔེ་རིས་ཤིག་བྲིས།
  3. Y དབྱིབས་ཀྱི་ཆ་ཤས་རེ་རེའི་ཐོག་མཐོང་། ཐོས། མྱོང་གསུམ་གྱི་འགོ་བརྗོད་རེ་བྲིས།
  4. རྗེས་སུ་ཡི་རང་དང་འབྲེལ་བའི་མཐོང་ཐོས་མྱོང་གསུམ་གྱི་གནད་དོན་ཐོག་གོ་བསྡུར་གྱིས་ཐོ་འགོད་བྱོས།
  5. ཚོགས་ཆུང་སྐུ་ཚབ་ཀྱིས་སློབ་ཕྲུག་ཡོངས་ལ་སྤྱན་བསྟར་ཞུ་དགོས།



Back To Top


Showing entries (filtered from total entries)