website templates free download

Table

༄༅། །འཇིག་རྟེན་མི་ཆོས་ལ་བརྟེན་པའི་བཟང་སྤྱོད་ཀྱི་ཐབས་ལམ། །

དགེ་བཤེས་ཡེ་ཤེས་རྒྱལ་མཚན།

དང་པོ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་དགོས་དམིགས།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་བཞེད་ལྟར། སྤྱིར་འཛམ་གླིང་ཞི་བདེ་དང་། ཁོར་ཡུག་སྲུང་སྐྱོབ། ཡང་སྒོས་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་གཏོང་ནས་གང་ཟག་སོ་སོའི་མི་ཚེ་བདེ་སྐྱིད་ལྡན་པ་དང་། ཡ་རབས་སྤྱོད་བཟང་ལྡན་པའི་མི་བཟང་པོ་ཞིག་ཡོང་ཆེད་བྱམས་པ་དང་། སྙིང་རྗེ། བཟོད་སེམས། དྲང་བདེན། ཆོག་ཤེས། དགོངས་ཡངས་ཀྱི་ལྟ་བ། འགྲོ་བ་མིའི་ཐུན་མོང་གི་མངོན་འདོད་བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་པ་གཅིག་གྱུར་ཡིན་པའི་ལྟ་བ་སོགས་ནང་སེམས་ཀྱི་རིན་ཐང་སྐོར་གྱི་སློབ་གསོ་དེ་དག་ཀྱང་དེང་དུས་ཀྱི་ཤེས་ཡོན་སྤྱི་འགྲོས་ལྟར། སློབ་གྲྭའི་ཁོར་ཡུག་ནང་སློབ་ཁྲིད་ཡོང་ཐབས་སུ་དམིགས་ནས་ཉིན་རེའི་སློབ་ཚན་གྱི་ཆ་ཤས་སུ་གྱུར་ཏེ་དངོས་ཡོད་གནས་ཚུལ་དང་མཐུན་པ་དང་། དུས་ཀྱི་དགོས་མཁོ་དང་འཚམས་པ། འགྲོ་བ་མིའི་ལྷན་སྐྱེས་ཀྱི་མི་ཆོས་དང་མཐུན་པ། ཁྲིམས་ལུགས་དང་། ཆོས་ལུགས་གང་དང་ཡང་མི་འགལ་བར། ཆོས་དད་ཡོད་མེད་ཚང་མས་བརྩི་སྲུང་ཞུ་ཐུབ་པ་དང་། མོས་མཐུན་བྱེད་ཐུབ་པའི་བཟང་སྤྱོད་ལ་འཇུག་ཐབས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པའི་རིག་པའི་གཞུང་ལུགས་འདི་ལམ་སྟོན་བཀའ་དྲིན་བསྐྱངས་གནང་མཛད་ཡོད། དེ་ལྟ་བུའི་རིག་པའི་གཞུང་ལུགས་འདི་འཛམ་གླིང་རྒྱལ་ཁག་འདྲ་མིན་དང་། ཤེས་ཡོན་ལྟེ་གནས་འདྲ་མིན་སོགས་ཀྱི་ནང་སློབ་ཁྲིད་བྱེད་འགོ་བཙུགས་ཟིན་པར་བརྟེན། རང་རིགས་སྤྱི་ཚོགས་ཀྱི་ཁྲོད་དུའང་ཧ་ཅང་དགོས་མཁོའི་གལ་གནད་ལ་གཟིགས་ནས། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་བཀོད་སྒྲིག་ལྟར། འདི་ལོ་ ༢༠༡༨ ཟླ ༥ ནས་ ༡༡ བར་ཟླ་བ་དྲུག་རིང་རྒྱ་གར་དང་བལ་ཡུལ་བཅས་སུ་ཡོད་པའི་བོད་པའི་ས་གནས་ཁག་འདྲ་མིན་ ༣༦ དང་། སློབ་གྲྭ་ཁག་འདྲ་མིན་ ༥༡ ལ་དངོས་སུ་བཅར་ཏེ་དགེ་ལས་སློབ་ཕྲུག་མང་ཚོགས་བཅས་ཁྱོན་མི་གྲངས་ ༡༦༥༠༠ ཙམ་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་གོ་རྟོགས་རྒྱ་ཆེར་སྤེལ་ཐུབ་པ་བྱུང་ཡོད།

གཉིས་པ། གོ་རྟོགས་སྤེལ་རྒྱུའི་ནང་དོན་ཁག

༡། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་རྒྱབ་ལྗོངས་ལོ་རྒྱུས་དང་གལ་གནད།

ཆོས་ལུགས་ལ་མ་བརྟེན་པའི་རིང་ལུགས་འདི་གནའ་རབས་རྒྱ་གར་གྱི་ལོ་རྒྱུས་དང་རིག་གཞུང་གི་རྒྱབ་ལྗོངས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་། དེ་ནས་རིམ་བཞིན་རྒྱ་ནག་དང་། བོད། ནུབ་ཕྱོགས་རྒྱལ་ཁབ་ཚོའི་ནང་ལའང་བེད་སྤྱོད་བྱེད་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་འདྲ་མིན་མང་པོ་བྱུང་ཡོད། འོན་ཀྱང་ང་ཚོས་ཤེས་དགོས་པ་ཞིག་ལ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པ་ཆོས་ལུགས་ལ་བརྟེན་མ་བརྟེན་གྱི་ས་མཚམས་ངེས་པར་དུ་ཤེས་དགོས་པ་གལ་ཆེན་པོ་ཡིན། དེ་ཡང་ཐོག་མར་ཆོས་ལུགས་དང་ཆོས་གཉིས་དབར་ཁྱད་པར་འབྱེད་རྒྱུ་དེ་རེད། ཆོས་ལུགས་ཞེས་པ་ནི། འཇིག་རྟེན་པ་སྐྱེ་བོ་ཕལ་པའི་མངོན་སུམ་གྱི་སྤྱོད་ཡུལ་ལས་འདས་པའི་གནའ་རབས་ཀྱི་སྲོལ་རྒྱུན་གང་རུང་གཞིར་བཞག་པའི་ཐོག་ནས་སྐྱེ་བ་ཕྱི་མ་མཐར་ཐུག་གི་གོ་འཕང་དང་། ཡང་ན་དཀོན་མཆོག་གི་ཞིང་ཁམས་སམ་དག་ཞིང་སོགས་ལ་དད་པ་དང་འབྲེལ་ནས་ཡིད་ཆེས་དང་ཁས་ལེན་བྱེད་པའི་སྒྲིག་གཞི་ཞིག་ཡིན་ཞིང་། ཆོ་ག་ཕྱག་ལེན་དང་ཞལ་འདོན་སོགས་ནི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་གཅིག་ཡིན། འོན་ཀྱང་ཆོས་ཞེས་པ་ནི་རང་གཞན་གཉིས་ཀར་བདེ་བ་བསྐྲུན་པའི་འགྲོ་བ་མིའི་བསམ་བློ་དང་འབྲེལ་བའི་སེམས་ཀྱི་ཡོན་ཏན་བྱམས་བརྩེ་དང་། བཟོད་སེམས། དགོངས་ཡངས་ཀྱི་ལྟ་བ། ཆོག་ཤེས་སོགས་དང་གཙོ་བོར་འབྲེལ་ཡོད། སྐྱེ་བ་ཕྱི་མ་མཐར་ཐུག་གི་གོ་འཕང་དང་དཀོན་མཆོག་གི་ཞིང་ཁམས་སམ་དག་ཞིང་། ཆོ་ག་ཕྱག་ལེན་དང་ཞལ་འདོན་སོགས་ནི་ཐད་ཀར་ཆོས་ལུགས་དང་འབྲེལ་ནས་ཡོད་ཀྱང་། ནང་སེམས་ཀྱི་ཡོན་ཏན་དེ་དག་ངེས་པར་ཆོས་ལུགས་དང་འབྲེལ་བ་ཡོད་དགོས་པ་ཞིག་ཆགས་མེད། དེ་འདྲ་ཡིན་དུས་ང་ཚོས་མི་ཚེའི་བདེ་སྐྱིད་སྒྲུབ་ཐབས་ཆོས་ལུགས་ཤིག་ལ་བརྟེན་མི་དགོས་པར་འགྲོ་བ་མིའི་ལྷན་སྐྱེས་སུ་ཡོད་པའི་ནང་སེམས་ཀྱི་ཡོན་ཏན་ལ་བརྟེན་ནས་སྒྲུབ་ཐུབ་པ་ཞིག་ཡིན་པས། ནང་སེམས་ཀྱི་ཡོན་ཏན་དེ་དག་གོང་འཕེལ་གཏོང་རྒྱུ་ནི། དུས་ཀྱི་དགོས་མཁོ་དང་འཚམས་པའི་ང་ཚོའི་མི་ཚེའི་ནང་ཐུན་མོང་གི་ལས་འགན་གལ་ཆེ་ཞིག་ཡིན།

༢། བཟང་སྤྱོད་སློབ་སྤེལ་གནང་སྐབས་གཞི་གང་ཞིག་ལ་བཞག་དགོས་མིན།

འོ་ན་བཟང་སྤྱོད་ཀྱི་ཤེས་ཡོན་དེ་གཞི་གང་ཞིག་ལ་བཞག་སྟེ་སློབ་ཁྲིད་བྱེད་དགོས་སམ་ཞེ་ན། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་ལྗགས་རྩོམ་གནང་བའི་སྟོང་ལོ་གསར་པའི་བླང་དོར་གྱི་ཚུལ་ (Ethics for the New Millennium) ཞེས་པའི་ཕྱག་དེབ་དང་། འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད། (Beyond Religion) ཞེས་པའི་ཕྱག་དེབ་དེ་གཉིས་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད་པར་སོང་། དགེ་རྒན་རང་ཉིད་ལ་ཕྱག་དེབ་དེ་གཉིས་ཀྱི་བརྗོད་དོན་གཙོ་བོ་ནང་སེམས་ཀྱི་རིན་ཐང་དང་བཟང་སྤྱོད་ཀྱི་དཔལ་ཡོན་སོགས་ལ་གོ་རྟོགས་དང་། ཤེས་ཚད། གནས་ཚད་ཡོད་པའི་ཐོག་ནས་རང་གི་སློབ་ཕྲུག་ཚོར་སློབ་ཁྲིད་བྱེད་དགོས་པ་ཞིག་རེད། སློབ་ཁྲིད་བྱེད་སྐབས་སློབ་ཕྲུག་ཚོའི་གནས་ཚད་དང་འཚམས་པར་བཟང་སྤྱོད་ཀྱི་ཕན་འབྲས་རྣམས་རྒྱས་བཤད་བྱེད་པ་དང་། དཔེ་མཚོན་འདྲ་མིན་དང་སྦྱར་ཏེ་གོ་རྟོགས་སྤེལ་བ་སོགས་བརྒྱུད་ལམ་འདྲ་མིན་གྱི་ཐོག་ནས་འགྲེལ་བརྗོད་བྱེད་རྒྱུ་ནི་གཙོ་གནད་ཆེ་ཤོས་ཤིག་ཆགས་ཡོད།

༣། བཟང་སྤྱོད་སློབ་སྤེལ་གནང་མཁན་གྱི་དགེ་རྒན་ལ་འོས་ཆོས་གང་ཞིག་ཚང་དགོས་མིན།

སྤྱིར་དགེ་རྒན་ཞིག་ལ་ཆ་རྐྱེན་གང་ཞིག་ཚང་དགོས་སམ་ཞེ་ན། ཤེས་བྱ་རིག་པའི་གནས་ལ་མ་རྨོངས་པའི་མཁས་པའི་ཡོན་ཏན་དང་། སྒོ་གསུམ་གྱི་སྤྱོད་པ་ཚུལ་དང་མཐུན་པའི་བཙུན་པའི་ཡོན་ཏན། དཀའ་ངལ་ལ་གདོང་ལེན་དང་ལྷག་བསམ་རྣམ་པར་དག་པའི་བཟང་པོའི་ཡོན་ཏན་བཅས་ཚང་དགོས་པ་དང་། བྱེ་བྲག་ཏུ་དེང་གི་སྤྱི་ཚོགས་ཁྲོད་དགེ་རྒན་ཞིག་གི་ལས་འགན་གལ་གནད་ཆེ་ཤོས་ནི། བསམ་པའི་དཔལ་ཡོན་དང་བཟང་སྤྱོད་ཀྱི་ཡོན་ཏན་རྣམས་རང་གི་སློབ་ཕྲུག་ཚོའི་ཤེས་རྒྱུད་ལ་འཇགས་ཐབས་གནང་རྒྱུ་དེ་རེད། སྤྱིར་བཏང་ཤེས་ཡོན་སློབ་ཁྲིད་གནང་སྟངས་ལ་མཚོན་པ་ཡིན་ན། བསླབ་གཞི་དེའི་ནང་དོན་ལ་འགྲེལ་བརྗོད་ཀྱི་ལམ་ནས་གོ་རྟོགས་ཡོད་པ་ཞིག་བྱུང་བ་ཙམ་གྱིས་འགྲིག་པ་ལྟ་བུ་ཆགས་ཡོད་ཀྱང་། བཟང་སྤྱོད་ཀྱི་ཤེས་ཡོན་ལ་དེ་ཙམ་གྱིས་འདང་གི་མེད་པ་མ་ཟད། དེ་ལས་ལྡོག་སྟེ་སློབ་ཕྲུག་ཚོས་དགེ་རྒན་གྱིས་བཟང་སྤྱོད་སྐོར་གང་གསུངས་པ་རྣམས་དབང་ཤུགས་ཀྱིས་བཀོལ་བ་ལྟ་བུར་མཐོང་སྲིད། དེ་འདྲ་སོང་ཙང་དགེ་རྒན་ཚོས་རང་ཉིད་ཀྱི་སློབ་ཕྲུག་ཚོར་བཅོས་མིན་གྱི་སེམས་ཁུར་ལྡན་པའི་ཐོག་ནས། སེམས་པ་བཟང་པོའི་བྱམས་བརྩེའི་ཡོན་ཏན་དེ་དག་སོ་སོའི་ཉིན་རེའི་སྤྱོད་ལམ་གྱི་ཆ་ཤས་སུ་སྒྲིལ་ཐུབ་པ་ཡིན་ན། རང་གིས་བཟང་སྤྱོད་སྐོར་འགྲེལ་བརྗོད་གང་གནང་བ་རྣམས་གནད་སྨིན་ཞིག་ཡོང་ཐུབ་པ་མ་ཟད། སློབ་ཕྲུག་ཚོར་བཟང་སྤྱོད་ཀྱི་གོ་རྟོགས་ཙམ་མིན་པར་སོ་སོའི་མི་ཚེ་ཧྲིལ་པོར་བཟང་སྤྱོད་ཀྱི་ཤུགས་རྐྱེན་སྤྲོད་ཐུབ་པ་དང་། དེའི་ཐོག་ནས་མི་གཞན་དག་ལའང་བཟང་སྤྱོད་ཀྱི་ལེགས་སྐྱེས་འབུལ་ཐུབ་པ་དང་། མི་བཟང་པོ་ཞིག་བཟོ་ཐུབ་པའི་ནུས་པ་ལྡན་ཡོད། དེར་བརྟེན་དགེ་རྒན་ཚོས་ངེས་པར་དོ་སྣང་བྱེད་དགོས་པའི་གནད་འགག་རྣམས་ཤེས་པའི་ཐོག་ནས་འབད་བརྩོན་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང་།

༤། བྱམས་བརྩེའི་ངོ་བོ་དང་། རིན་ཐང་། བཟོད་པའི་ངོ་བོ་དང་སྟོབས་ཤུགས། རྟེན་འབྲེལ་གྱི་རང་བཞིན་བཅས་བཟང་སྤྱོད་ཀྱི་རྩ་འཛིན།

སྤྱིར་འཛམ་གླིང་སའི་གོ་ལ་འདིའི་ནང་མི་འབོར་དུང་ཕྱུར་བདུན་ཅུ་ལྷག་ཡོད་པ་དང་། དེ་ཡང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་། སྐད་ཡིག རིག་གཞུང་། གོམས་གཤིས། ལྟ་བ། ཁོར་ཡུག་བཅས་མི་འདྲ་བའི་ཆ་མང་དག་ཅིག་ཡོད་ཀྱང་། གཞི་རྩའི་འདྲ་མཉམ་གྱི་ཁྱད་ཆོས་གལ་ཆེ་ཞིག་ཡོད་པ་ནི། ང་ཚོ་འགྲོ་བ་མི་རིགས་གཅིག་གྱུར་ཡིན་པ་དང་། ཐུན་མོང་གི་མངོན་འདོད་སྐྱིད་པོ་འདོད་པ་དང་། དཀའ་ངལ་མི་འདོད་པ་གཅིག་གྱུར་ཆགས་ཡོད། འགྲོ་བ་མིའི་དངོས་ཡོད་གནས་ཚུལ་གྱི་ཁྱད་ཆོས་གཙོ་བོ་ནི། ང་ཚོ་ཚང་མ་སྤྱི་ཚོགས་ཀྱི་སེམས་ཅན་ཞིག་ཡིན་པའི་ཆ་ནས། ཕན་ཚུན་གཅིག་ལ་གཅིག་བརྟེན་གྱིས་འཚོ་དགོས་པའི་འབྲེལ་བ་དམ་ཟབ་ཡོད་པས། གལ་ཆེའི་རང་བཞིན་ལྡན་པའི་གནད་དོན་འདི་གཉིས་ནི་སྤྱི་ཚོགས་འཆམ་མཐུན་དང་། འགྲོ་བ་མིའི་བདེ་ཐབས་ཀྱི་རྨང་གཞི་ཆགས་ཡོད། དངོས་ཡོད་གནས་ཚུལ་འདི་གཉིས་ཙམ་མ་ཟད། ང་ཚོ་འགྲོ་བ་མི་ལ་ལྷན་སྐྱེས་སུ་ཡོད་པའི་རྣམ་དཔྱོད་ཀྱི་ནུས་པ་དང་། བྱམས་བརྩེའི་ཡོན་ཏན་ཞིག་ཡོད་རེད། འདི་དག་ནི་དེང་གི་སེམས་ཁམས་ཚན་རིག་པ་དང་། དབང་རྩའི་ཚན་རིག་པ། སྨན་དཔྱད་ཚན་རིག་པ་སོགས་ཀྱིས་ཉམས་ཞིབ་བྱས་པའི་རྙེད་དོན་གྱི་ཁྲོད་ནས་ར་འཕྲོད་བྱུང་ཡོད། དངོས་ཡོད་གནས་ཚུལ་འདི་དག་ལ་གཞིར་བཞག་སྟེ་ཡོངས་ཁྱབ་ཏུ་ཁས་ལེན་ཐུབ་པའི་སྲོལ་རྒྱུན་ནམ་ཆོས་ལུགས་དང་མ་འབྲེལ་བའི་ཐབས་ལམ་འདིའི་ཐོག་ནས། འགྲོ་བ་མིའི་ལྷན་སྐྱེས་ཀྱི་ཡོན་ཏན་དེ་དག་གོང་འཕེལ་གཏོང་ཐུབ་པའི་ནུས་པ་ངེས་ཅན་ལྡན་ཡོད། རྒྱུ་མཚན་ནི་གང་ཟག་སྒེར་སོ་སོའི་དཀའ་ངལ་ཙམ་མ་ཟད། འགྲོ་བ་མིས་བཟོས་པའི་གོ་ལ་ཡོངས་ཀྱི་དཀའ་ངལ་ཞིག་ཆགས་ཡོད། དཔེར་ན། ཁོར་ཡུག་ཉམས་ཆག་དང་། རྒྱལ་ཁབ་ཕན་ཚུན་དབར་གྱི་དམག་འཁྲུག མི་དང་མིའི་དབར་ཡིད་ཆེས་མེད་པ། བསམ་ཤེས་མེད་པ། བཟོད་སེམས་མེད་པ། ལྐོག་ཟ་རུལ་སུངས། དྲང་བདེན་དང་འདྲ་མཉམ་མེད་པ་བཅས་ཀྱི་དཀའ་ངལ་ཚང་མ་ང་ཚོར་ཆོག་ཤེས་མེད་པ་དང་འདོད་རྔམ་གྱི་ཤུགས་རྐྱེན་ལས་བྱུང་བ་ཞིག་ཡིན་པ་འགྲོ་བ་མིའི་ཀུན་སྤྱོད་ལ་ཉམས་ཞིབ་གནང་མཁན་ཚན་རིག་པ་ཚོས་ར་སྤྲོད་གནང་ཡོད། རྒྱུ་མཚན་དེར་བརྟེན་བྱམས་བརྩེའི་ནུས་པ་གོང་འཕེལ་དུ་གཏོང་རྒྱུ་ནི་དུས་ཀྱི་དགོས་མཁོ་དང་འཚམས་པའི་འགྲོ་བ་མིའི་བདེ་སྐྱིད་ཀྱི་འབྱུང་ཁུངས་ཡིན་པ་འོས་གྲུབ་ཡོད། དེས་ན་ཐབས་ལམ་འདིའི་བརྒྱུད་རིམ་ནང་བྱམས་བརྩེའི་ནུས་པ་གོང་འཕེལ་གཏོང་ཐབས་དང་། དཀའ་ངལ་ལ་གདོང་ལེན་བྱེད་སེམས། རྣམ་དཔྱོད་ཀྱི་བྱེད་སྒོ་བཅས་དོན་གནད་གསུམ་གྱི་ཐོག་གཙོ་འདོན་བྱས་ནས་བཤད་ཡོད།

༥། མི་ཚེའི་བདེ་སྐྱིད་འཚོལ་ཐབས་ཀྱི་ཆ་རྐྱེན་ལྔ།

ང་ཚོ་འགྲོ་བ་མི་རྣམས་འཚོ་གནས་བྱེད་པའི་བརྒྱུད་རིམ་ཁྲོད་བསམ་ཞིབ་དང་དཔྱད་ཞིབ་བྱས་ཚེ། གནས་ཚུལ་གང་ཞིག་ཤེས་རྟོགས་ཐུབ་བམ་ཞེ་ན། ང་ཚོ་འཚོ་གནས་བྱེད་པ་དེ་ནི་མ་འོངས་པའི་བདེ་སྐྱིད་དང་རེ་བ་ཁོ་ན་ལ་བརྟེན་ནས་ཡོད་པ་གསལ་པོ་ཤེས་ཐུབ། འོ་ན་ང་ཚོས་བཙལ་བྱའི་བདེ་སྐྱིད་ཅེས་པ་གང་རེད་དམ་ཞེས་པ་ནི་རྙོག་འཛིང་ཆེ་བའི་དྲི་བ་ཞིག་ཆགས་ཡོད། དེ་ལ་འགྲོ་བ་མིའི་བདེ་ཐབས་ཆེད་གལ་གནད་ཆེན་པོའི་སྒོ་ནས་མཐུན་སྦྱོར་བྱེད་པའི་གཤམ་གསལ་གྱི་ཆ་རྐྱེན་རྣམས་ངེས་པར་ཚང་དགོས་པ་ཞིག་ཆགས་ཡོད།

༡ སེམས་ཁམས་དང་འབྲེལ་བའི་གཟུགས་གཞི་བདེ་ཐང་ནི་ང་ཚོའི་བདེ་སྐྱིད་ཀྱི་འབྱུང་ཁུངས་དང་འབྲེལ་བའི་ཆ་རྐྱེན་གལ་ཆེ་ཞིག་ཡིན།

༢ གཞན་ཕན་གྱི་བསམ་བློ་དང་འབྲེལ་བའི་ཤེས་ཡོན་དེས་ལུས་ཚོར་ལ་བརྟེན་པའི་བདེ་སྐྱིད་འཚོལ་སྒྲུབ་བྱེད་ཐུབ་པ་ཙམ་མ་ཟད། ང་ཚོར་དགོས་ངེས་ཅན་གྱི་ནང་གི་སེམས་ཚོར་ལ་བརྟེན་པའི་བདེ་སྐྱིད་ཀྱང་སྦྱིན་ཐུབ་པའི་ཆ་རྐྱེན་གལ་ཆེ་ཞིག་ཡིན།

༣ རྣམ་དཔྱོད་ལྡན་པའི་མི་ཚེའི་ཕུགས་བསམ་ཡོད་ན་རེ་བ་ཡོད་པ་དང་། རེ་བ་ཡོད་ན་འཚོ་གནས་ཐུབ་པ་དང་རང་གིས་རང་ལ་ཡིད་ཆེས་དང་། འཕྲལ་གྱི་དཀའ་སྡུག་ལ་གདོང་ལེན་བྱེད་སེམས། ཕུགས་བསམ་མངོན་གྱུར་ཐུབ་པའི་སྙིང་སྟོབས་དང་སེམས་ཤུགས་གོང་འཕེལ་གཏོང་ཐུབ་པའི་ནུས་པ་ཧ་ཅང་ཆེན་པོ་ལྡན་ཡོད།

༤ ང་ཚོ་ཚང་མ་སྤྱི་ཚོགས་ཀྱི་སེམས་ཅན་ཞིག་ཡིན་པའི་ཆ་ནས་ཕན་ཚུན་ཉམས་མྱོང་སྤེལ་རེས་བྱེད་སའི་གྲོགས་པོ་འཆམ་པོ་དང་། རང་གཞན་དབར་གྱི་གྲོགས་པོའི་མཛའ་འབྲེལ་ལམ་མཐུན་འབྲེལ་བཅས་ནི་ང་ཚོའི་བདེ་སྐྱིད་ཀྱི་ཆེས་གལ་གནད་ཆེ་བ་ཞིག་ཆགས་ཡོད།

༥ ཕྱི་དངོས་པོའི་རྒྱུ་ནོར་གྱིས་ང་ཚོའི་བདེ་སྐྱིད་ལ་ཤུགས་རྐྱེན་སྦྱིན་པ་ཐེ་ཚོམ་མེད་ཀྱང་། ད་འགྲིགས་སོང་སྙམ་པའི་མཚམས་ལ་མ་སླེབས་པར་ད་དུང་རྒྱུ་ནོར་མང་ཉུང་ཇི་ཙམ་དགོས་སམ་ཞེས་པའི་དྲི་བ་འདི་ད་དུང་གནས་བཞིན་ཡོད་པ་བཅས་ནི་ཆ་རྐྱེན་ལྔ་པོ་དེ་ཡིན།

༦། སྙིང་རྗེ་དང་དྲང་བདེན་གྱི་ལྟ་ཚུལ།

འདིའི་དཔེ་མཚོན་འགའ་ཞིག་ཞུས་ན། འདས་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ནང་རྒྱ་གར་ལ་ཆ་མཚོན་ན། དྲང་བདེན་མ་ཡིན་པའི་མི་སེར་སྤེལ་ཡུལ་གྱི་ལམ་ལུགས་ལ་ཁ་གཏད་གཅོག་མཁན་གྱི་འཐབ་རྩོད་པ་བདག་ཉིད་ཆེན་པོ་གཱནྡྷཱི་དང་། དེ་སྔོན་ལྷོ་ཨཕ་རི་ཁའི་ནང་དྲང་བདེན་མ་ཡིན་པའི་མི་རིགས་དཀར་ནག་དབྱེ་འབྱེད་བྱེད་པའི་སྲིད་བྱུས་ལ་ཁ་གཏད་གཅོག་མཁན་ནེལྶན་མཎྜེ་ལཱ། (Nelson Mandela) དེ་བཞིན་མཱརྚཱིན་ ལཱུ་ཐར་ ཀག་ (Martin Luther King) ལ་སོགས་པའི་འཛམ་གླིང་ནང་འཚེ་མེད་ཞི་བའི་ཐབས་ལམ་འབའ་ཞིག་ལ་བརྟེན་ནས་དྲང་བདེན་མ་ཡིན་པའི་གནད་དོན་ལ་འཐབ་རྩོད་བྱེད་མཁན་སྙན་གྲགས་ཆེ་བའི་མི་སྣ་དེ་དག་གི་རྒྱུད་ལ་སྙིང་རྗེའི་སྟོབས་ཤུགས་མེད་པ་དང་། དྲང་བདེན་མ་ཡིན་པའི་བྱ་སྤྱོད་ལ་མགོ་སྒུར་ནས་སྡོད་མཁན་ཞིག་རེད་ཅེས་སུས་བརྗོད་ཐུབ། དེ་ལས་ལྡོག་སྟེ་འཛམ་གླིང་འདིའི་ནང་འཚེ་མེད་ཞི་བའི་ཐབས་ལམ་དངོས་སུ་ལག་བསྟར་གནང་མཁན་ཁོང་རྣམ་པའི་གཤིས་རྒྱུད་ལ་སྙིང་རྗེ་དང་བཟོད་སེམས་ཀྱི་སྟོབས་ཤུགས་ཆེ་ལ་གདེང་སྤོབས་དང་བློ་སྟོབས་ཡོད་པའི་མཚོན་རྟགས་ཤིག་ཆགས་ཡོད། རྒྱུ་མཚན་ནི་འཚེ་བ་མེད་པའི་སྤྱོད་ཚུལ་དེ་སྙིང་རྗེ་ལ་གཞི་རྟེན་བཅོལ་ཡོད་པས། སྙིང་རྗེ་མེད་ན་འཚེ་མེད་ཞི་བ་ཡོང་ཐབས་མེད་པ་ཞིག་རེད་ལ། དེ་བཞིན་འཚེ་བ་མེད་པའི་བསམ་བློའི་འཁྱེར་སོ་དེ་རྒྱུན་སྲིང་བྱེད་ཐུབ་མིན་ནི་བཟོད་སེམས་ལ་རག་ལུས་ཡོད་པས། བཟོད་སེམས་ཀྱི་གྲོགས་མེད་ན་ཡོང་ཐབས་མེད་པ་ཞིག་རེད། དོན་དངོས་ཐོག་སྙིང་རྗེ་དང་། དྲང་བདེན། བཟོད་སེམས་བཅས་ནི་ཕན་ཚུན་མེད་ན་མི་འབྱུང་བའི་འབྲེལ་བ་དམ་ཟབ་ཡོད་པས་ཁ་བྲལ་ཐབས་མེད་པའི་དངོས་པོ་ཞིག་ཆགས་ཡོད།

སྤྱིར་སྙིང་རྗེའི་བསམ་བློའི་དམིགས་ཡུལ་གང་ཟག་གཞན་ཞིག་ཡིན་པས། དམིགས་པའི་ཁྱབ་ཚད་ཀྱི་ཐོག་ནས་སྟོབས་ཤུགས་ཆེ་ཆུང་དང་རིམ་པ་འདྲ་མིན་མང་པོ་ཡོད་ཆོག་པ་ཞིག་རེད། དཔེར་ན། གང་ཟག་གཞན་དེ་རང་ཉིད་ཀྱི་གཉེན་ཉེ་ཡིན་པའི་ལྟ་ཚུལ་འཛིན་པའི་ཐོག་ནས་སྙིང་རྗེ་སྐྱེས་པ་ཡོང་གི་ཡོད་ལ། དེ་བཞིན་འགྲོ་བ་མི་རིགས་གཅིག་གྱུར་ཡིན་པའི་ལྟ་ཚུལ་འཛིན་པའི་ཐོག་ནས་སྙིང་རྗེ་སྐྱེས་པ་ཡང་ཡོང་གི་ཡོད། དེ་ལས་རྒྱ་ཆེ་བ་སྲོག་ལྡན་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་གྱུར་ཡིན་པའི་ལྟ་ཚུལ་འཛིན་པའི་ཐོག་ནས་སྙིང་རྗེ་སྐྱེས་པ་ཡོང་གི་ཡོད་པས། སྔ་མ་ལས་ཕྱི་མ་རྣམས་རིམ་བཞིན་སྟོབས་ཤུགས་ཆེ་བ་དང་། བརྟན་པ། ཚད་ལོངས་པ་ཞིག་ཆགས་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་སྙིང་རྗེའི་སྟོབས་ཤུགས་ཇི་ཙམ་ཆེ་བ་ཡོད་པ་དེའི་ཚོད་ཀྱིས་དྲང་བདེན་མ་ཡིན་པའི་བྱ་སྤྱོད་འགོག་ཐབས་ཀྱི་ལག་ལེན་ཐོག་འགོག་རྐྱེན་མེད་པ་མ་ཟད། དེ་ལ་ཁ་གཏད་གཅོག་མཁན་གྱི་སྟོབས་ཤུགས་ལྡན་པའི་ཐབས་ལམ་གལ་ཆེ་ཞིག་ཡིན་པ་སྨོས་ཅི་དགོས།

འོ་ན་དྲང་བདེན་གྱི་གོ་དོན་གང་ཡིན་ནམ་ཞེ་ན། དྲང་བདེན་ནི་ཧ་ཅང་ཁྱབ་ཆེ་བའི་ཚིག་འབྲུ་གཉིས་ཀྱིས་བསྡུས་པའི་སྡོམ་ཚིག་ཅིག་རེད། དྲང་ཞེས་པའི་ཚིག་འདི་དོན་མང་པོར་འཇུག་པ། དཔེར་ན། གཡོ་སྒྱུ་མེད་པའི་ལུས་ཀྱི་བྱ་སྤྱོད་དང་། ངག་གི་སྐད་ཆ། ཡིད་ཀྱི་བསམ་བློ་འཁྱེར་སོ་བཅས་ལ་འཇུག་པ་དང་། བདེན་ཞེས་པའི་ཚིག་འདི་མངོན་སུམ་གྱིས་མྱོང་བའི་གྲུབ་དོན་དང་། དངོས་ཡོད་དང་ཆོས་ཉིད་ཀྱི་རང་བཞིན་བཅས་ཀྱི་དོན་ལ་འཇུག་པ་ཡིན། མདོར་ན། དྲང་བདེན་ཞེས་པ་ནི་དངོས་དོན་ཞིག་ལ་གཞི་བཅོལ་བའི་བསམ་བློའི་འཁྱེར་སོའམ་དྲང་བདེན་མ་ཡིན་པའི་བཙན་ཤེད་ཀྱི་བྱ་སྤྱོད་ལ་ཁ་གཏད་གཅོག་བྱེད་ཀྱི་ཐབས་ལམ་ཞིག་ལ་གོ་དགོས་པ་ཡིན། དེར་བརྟེན་དེ་དག་གི་གོ་བ་ཇི་བཞིན་ལེན་ཐུབ་པ་ཡིན་ན། སྙིང་རྗེ་དང་དྲང་བདེན་གྱི་ལག་ལེན་དབར་འགལ་འདུ་གང་ཡང་མེད། དེ་འདྲ་ཡིན་དུས་འགྲོ་བ་མིའི་ཐོབ་ཐང་དང་། འདྲ་མཉམ་ཡིན་པའི་ངོས་འཛིན་གཞི་ལ་བཞག་པའི་ཐོག་ནས་ལེགས་བཅོས་ཀྱི་སྒྲོམ་གཞི་དེ་ནི་ཀུན་ལ་ཁྱབ་པའི་དྲང་བདེན་ངོ་མ་དེ་རེད། ཕྱོགས་གཞན་ནས་ཁྲིམས་ལུགས་གང་ཡང་རུང་བ་ཞིག་ལ་གཞི་བཅོལ་བའི་ཐོག་ནས་ལེགས་བཅོས་ཀྱི་སྒྲོམ་གཞི་ཁྲིམས་མཐུན་ལམ་ལུགས་སུ་ངོས་འཛིན་བྱེད་པ་ནི། བཏང་སྙོམས་མེད་པའི་ཕྱོགས་ལྷུང་ཅན་གྱི་དྲང་བདེན་ཞིག་ཡིན་པ་ལས། ཚད་ལྡན་གྱི་དྲང་བདེན་ཞིག་ཆགས་མེད། དཔེར་ན། བརྨཱའི་ནང་ལྕམ་ཨང་སང་སཱུ་ཀཱི་ (Aung San Suu Kyi) ལགས་སུ་རྒྱལ་ཡོངས་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པའི་རྗེས་སུ་ཡུན་རིང་བཟང་བཙོན་དུ་བཞག་པ་དང་། འཛམ་གླིང་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལིའུ་ཤའོ་པའོ་ (Liu Xiaobo) རྒྱ་ནག་གིས་འཛིན་བཟུང་བྱས་ཏེ་བཙོན་འཇུག་བྱས་པ་དེ་དག་ནི་དཔེ་མཚོན་ཙམ་ཞིག་རེད།

༧། ཕ་མ་དང་ཁྱིམ་ཚང་གིས་རང་གི་བུ་ཕྲུག་ཚོར་སློབ་གསོ་ཇི་ལྟར་གཏོང་དགོས་མིན་དང་། དེའི་གལ་གནད།

སྤྱིར་ཕ་མ་དང་ཁྱིམ་ཚང་གི་སློབ་གསོ་ནི་སློབ་གསོ་མཐའ་དག་གི་རྩ་བ་ཡིན་པས། རང་གི་བུ་ཕྲུག་ལ་སློབ་གསོ་གཏོང་རྒྱུ་ནི་ཕ་མའི་དོར་དུ་མེད་པའི་འོས་འགན་ཞིག་ཡིན། གང་ལ་ཞེ་ན། ཕ་མ་དང་བུ་ཕྲུག་དབར་དམིགས་བསལ་ཁྲག་རྒྱུད་ཀྱི་འབྲེལ་བ་ཡོད་པ་དང་། ཆུང་དུས་ནས་མཉམ་དུ་འཚོ་བ་སྐྱེལ་གྱི་ཡོད་སྟབས་ཕན་ཚུན་དབར་བརྩེ་སེམས་ཀྱང་ཟབ་མོ་ཞིག་ལྡན་ཡོད། དེས་ན་ཕ་མའི་སྒོ་གསུམ་གྱི་བྱེད་ལུགས་བྱེད་སྟངས་ཀྱིས་ཕྲུ་གུའི་ལུས་ངག་གི་སྤྱོད་ཚུལ་དང་ཡིད་ཀྱི་བསམ་བློ་འཁྱེར་སོ་བཅས་ལ་ཤུགས་རྐྱེན་ཧ་ཅང་ཐེབས་ཀྱི་ཡོད། བྱས་ཙང་ཕ་མ་ཚོས་རང་ཉིད་ཀྱི་སྒོ་གསུམ་གྱི་སྤྱོད་པ་ཚུལ་དང་མཐུན་པའི་བཟང་པོའི་ཡོན་ཏན་དེ་དག་ངེས་པར་དུ་ཉིན་རེའི་སྤྱོད་ལམ་གྱི་ཆ་ཤས་སུ་བསྒྲིལ་ནས། རང་གི་བུ་ཕྲུག་ཚོར་སློབ་གསོ་གང་ལེགས་བརྒྱབས་ཏེ་སློབ་གྲྭའི་སློབ་གསོའི་རྨང་གཞི་ཚད་ལྡན་ཞིག་འདིང་བར་འབད་བརྩོན་ཧུར་ཐག་བྱེད་དགོས།

ཕ་མ་དང་ཁྱིམ་ཚང་གི་སློབ་གསོ་ནི་ཕྲུ་གུ་ཚོའི་ཆེས་ཐོག་མའི་སློབ་གསོ་ཡིན་པས་སློབ་གྲྭའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཆགས་ཡོད། ཕ་མ་དང་ཁྱིམ་ཚང་ནས་སློབ་གསོ་ཇི་ལྟར་བརྒྱབ་ཡོད་མེད་ནི་ཕྲུ་གུ་སློབ་གྲྭར་ཞུགས་མ་ཐག་པའི་སྒོ་གསུམ་གྱི་སྤྱོད་ཚུལ་ལས་མངོན་བཞིན་ཡོད། སློབ་གྲྭར་ཞུགས་མ་ཐག་པའི་སློབ་མའི་ཁྲོད་ནས་འགའ་ཞིག་ལ་ལྷན་སྐྱེས་ཀྱི་རིག་སྟོབས་ལྡན་པའི་རྐྱེན་གྱིས་སྤྱང་གྲུང་དོད་ལ་རིག་པ་གསལ་བ་དང་ཀུན་སྤྱོད་ཀྱང་བཟང་བ་ཡོད་ཅིང་། དེ་མིན་ཚང་མའི་ཀུན་སྤྱོད་དང་སྦྱངས་འབྲས་ལེགས་ཉེས་གཙོ་བོ་ཕ་མ་དང་ཁྱིམ་ཚང་གི་སློབ་གསོ་དང་འབྲེལ་བ་དམ་ཟབ་ཆགས་ཡོད། ཕ་མ་དང་ཁྱིམ་ཚང་གི་སློབ་གསོའི་ཆུ་ཚད་ཇི་འདྲ་ཡོད་མེད་དེས་ཕྲུ་གུའི་རིག་སྟོབས་དང་། ཀུན་སྤྱོད། གོམས་གཤིས། ནུས་རྩལ་སོགས་ནས་མངོན་ཐུབ། དཔེར་ན། སྤྱི་ཚོགས་ཀྱི་ལག་ལེན་ཁྲོད་ནས་ར་སྤྲོད་ཐུབ་པར་གཞིགས་ན། ཕ་མ་དང་ཁྱིམ་ཚང་གི་སློབ་གསོ་ཡག་པོ་ཐོབ་པའི་སློབ་ཕྲུག་རྣམས་སློབ་གྲྭའི་ནང་སྦྱངས་འབྲས་གཟེངས་སུ་ཐོན་ཞིང་། བློ་གྲོས་དང་། གཟུགས་པོ། ཀུན་སྤྱོད། ནུས་རྩལ་སོགས་ཚང་མའི་ཐད་འཕེལ་རྒྱས་ཧ་ཅང་མགྱོགས་པོ་འགྲོ་ཡི་ཡོད། གལ་ཏེ་ཕ་མ་དང་ཁྱིམ་ཚང་གི་སློབ་གསོ་ལེགས་པོ་ཞིག་ཐོབ་མེད་ཚེ། དེ་ལྟ་བུའི་ཕྲུ་གུ་གཅིག་གིས་ཀྱང་སློབ་གྲྭའི་ཁྱོན་ཡོངས་ཀྱི་སློབ་གསོའི་སྤུས་ཚད་ལ་ཤུགས་རྐྱེན་ངན་པ་ཐེབས་ནས། ཕྲུ་གུའི་ཕྱོགས་ཚང་མ་འཕེལ་རྒྱས་འགྲོ་རྒྱུར་འགོར་ཡུན་རིང་བ་དང་། སློབ་སྦྱོང་གི་སྦྱངས་འབྲས་ཆ་མི་སྙོམས་པ་སོགས་ཀྱི་གནས་ཚུལ་ཐོན་ཏེ་རྗེས་ལུས་ཅན་གྱི་སློབ་མ་མང་པོ་ཞིག་ཐོན་སྲིད། དེར་བརྟེན་ཕ་མ་དང་ཁྱིམ་ཚང་གི་སློབ་གསོ་ནི་སློབ་གྲྭའི་སློབ་གསོ་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་དང་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན།

ཕ་མ་དང་ཁྱིམ་ཚང་གི་སློབ་གསོ་ནི་སློབ་ཕྲུག་གི་སྟོབས་ཤུགས་ཀྱི་འབྱུང་རྩ་ཞིག་ཀྱང་རེད། གང་ལགས་ཤེ་ན། སོ་སོའི་ཕྲུ་གུར་ཡང་དག་པའི་མི་ཚེའི་ལྟ་བ་ཞིག་འཛུགས་ཐུབ་ཆེད། རྒྱུན་ལྡན་འཚོ་བའི་ནང་དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་དེ་ལ་གདོང་ལེན་བྱེད་དགོས་ཚུལ་བསླབ་དགོས། དེ་ལྟར་མ་བྱུང་ཚེ་ཁོང་ཚོར་དཀའ་ངལ་ཏོག་ཙམ་འཕྲད་རྗེས་ཡིད་ཐང་ཆད་དེ་དཀའ་ངལ་ལས་སྒྲོལ་ཐབས་མི་བྱེད་པ་དང་། དེའི་དབང་གིས་སྦྱོང་ཚན་སོགས་དུས་ཐོག་ཏུ་འབྲི་མི་ཐུབ་པས་རང་མཉམ་གྱི་སློབ་ཕྲུག་གི་ཁྲོད་དཔའ་ཞུམ་པའི་གནས་སུ་གྱར་བ་ཡིན། གལ་སྲིད་དེ་ལྟ་བུའི་ཕམ་ཁ་ཐེངས་འགའ་ཤས་བྱུང་ཚེ་སེམས་ཁམས་ལ་གནོན་ཤུགས་རབ་དང་རིམ་པ་བྱུང་ནས། མཐར་གཞན་གྱིས་འཕྱ་སྨོད་བྱ་ཡུལ་དུ་གྱུར་ཏེ་ཕྲུ་གུ་ཚོའི་འཚར་ལོངས་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་པ་ཡིན། དེར་བརྟེན་ཕ་མ་དང་ཁྱིམ་ཚང་ཚོས་ཞུམ་པ་མེད་པའི་སྙིང་སྟོབས་ཆེན་པོས་དཀའ་ངལ་ལས་རྣམ་པར་རྒྱལ་བའི་སློབ་གསོ་གནང་རྒྱུ་ནི། མི་ཚེའི་ཕུགས་འདུན་གྱི་སྐས་རིམ་དང་པོ་ཡིན་པས། ཕ་མ་ཚོས་རང་གི་བུ་ཕྲུག་རྣམས་ལ་ཆུང་བྱིས་པའི་དུས་ནས་འགོ་བརྩམས་ཏེ། མི་ཚེ་དོན་ལྡན་ཞིག་ཡོང་རྒྱུར་ཕྱོགས་ཡོངས་ནས་འབད་བརྩོན་གནང་གལ་ཆེ། ང་ཚོ་བོད་པའི་གཏམ་དཔེ་ལའང་བྱིས་པ་གཅེས་ལང་དུ་གཏང་མི་རུང་ཞེས་བཤད་སྲོལ་ཡོད་པ་ལྟར། ཆུང་བྱིས་པའི་དུས་ནས་ངན་ཕྱོགས་ཀྱི་བྱ་བ་འདི་དང་དེ་བསྒྲུབ་མི་རུང་ཞེས་བཀག་འགོག་བྱ་རྒྱུ་དང་། བཟང་ཕྱོགས་ཀྱི་བྱ་བ་དེ་དང་འདི་བསྒྲུབ་དགོས་པའི་སྐུལ་འདེད་དང་བསྔགས་བརྗོད་ཀྱི་སློབ་གསོ་གནང་རྒྱུ་ནི་སྤྱི་ཚོགས་བདེ་འཇགས་ཀྱི་འགན་ལེན་ཞིག་ཀྱང་རེད། སྤྱིར་ཕ་མ་ཚོས་རྒྱུན་དུ་རང་གི་བུ་ཕྲུག་ཚོའི་འཕྲོད་བསྟེན་དང་སློབ་སྦྱོང་ཆེད་དཀའ་ངལ་ལ་གདོང་ལེན་དང་འགྲོ་གྲོན་མང་དག་ཅིག་གཏོང་གི་ཡོད་ཀྱང་། ཕྲུ་གུ་མངལ་གནས་ཀྱི་སྐབས་དང་རྗེས་ཀྱི་ལོ་ཤས་རིང་དོ་སྣང་དེ་ཙམ་མི་བྱེད་པར་སློབ་གྲྭར་འགྲིམ་སྐབས་གཞི་ནས་དོ་སྣང་བྱེད་ཀྱི་ཡོད། འོན་ཀྱང་ཚན་རིག་པ་ཚོས་རྙེད་དོན་ལྟར་བྱས་ན། མི་སུ་འདྲ་ཞིག་ཡིན་ཡང་དེའི་འཚོ་ཡུན་གྱི་འཕྲོད་བསྟེན་དང་ཚེ་ཚད་སོགས་གནད་དོན་ཕལ་ཆེ་བ་མངལ་དུས་ནས་ཐོག་མའི་ལོ་ངོ་གཉིས་ཙམ་ནང་ཐག་ཆོད་པ་དང་། རྗེས་སོར་འགྱུར་བ་དེ་ཙམ་གཏོང་མི་ཐུབ་པ་བཤད་ཡོད་པས་མངལ་དུས་ནས་བཟུང་ཕྲུ་གུའི་ཐོག་མའི་ཉིན་གྲངས་ཆིག་སྟོང་རིང་མའི་འཕྲོད་བསྟེན་དང་། ཟས་བཅུད་ཚད་ལྡན། ཁོར་ཡུག་བཟང་པོ་བསྐྲུན་རྒྱུ་སོགས་ནི་གལ་གནད་ཧ་ཅང་ཆེན་པོ་ཆགས་ཡོད། མདོ་དོན་སྙིང་པོ་ཕ་མ་དང་ཁྱིམ་ཚང་གི་སློབ་གསོ་ནི་མི་ཞིག་གི་མི་ཚེའི་ནང་གི་རྨང་གཞིའི་སློབ་གསོ་དང་ཤུགས་རྐྱེན་ཆེ་ཤོས་ཀྱི་སློབ་གསོ་ཡིན་པས། དང་ཐོག་ཕ་མ་དང་ཁྱིམ་ཚང་གིས་བུ་ཕྲུག་ལ་རྒྱུན་ལྡན་ནས་བཟའ་སྟངས་དང་། འགྲོ་སྟངས། སྡོད་སྟངས་སོགས་ནས་འགོ་བརྩམས་ཏེ་ཕྲུ་གུར་ཆུང་བྱིས་པའི་དུས་ནས་རང་གི་མི་རིགས་ཀྱི་ཆོས་དང་རིག་གཞུང་ལ་དགའ་ཞེན་དགོས་པ་དང་། དགེ་རྒན་སོགས་མི་གཞན་དག་ལ་བརྩི་བཀུར་བྱེད་དགོས་པ་སོགས་ཡ་རབས་སྤྱོད་བཟང་གི་གོམས་གཤིས་བཟང་པོ་རྣམས་ཕྲུ་གུའི་གཤིས་རྒྱུད་ལ་འཇགས་ཐབས་ཆེད། སློབ་གསོ་བསྐྱོན་རྒྱུ་ནི་ཕ་མ་དང་ཁྱིམ་ཚང་མི་རེ་ངོ་རེའི་འགན་འཁྲི་ཡིན་པ་སྨོས་མི་དགོས་པ་ཞིག་རེད་ཅེས་ཞུ་འདོད་བྱུང་།

གསུམ་པ། ཕན་འབྲས།

བཟང་སྤྱོད་ཀྱི་གོ་རྟོགས་ལས་རིམ་འདི་བརྒྱུད་ནས་སློབ་ཕྲུག་དང་། དགེ་ལས། མང་ཚོགས་བཅས་ནས་དོ་སྣང་ཧ་ཅང་ཆེན་པོས་གསན་པ་མ་ཟད། དྲི་བ་དྲིས་ལན་གྱི་བརྒྱུད་ནས་ཀྱང་གོ་རྟོགས་ཡག་པོ་བྱུང་སོང་སྙམ་པའི་ཚོར་སྣང་བྱུང་། གཏམ་བཤད་ཚར་བའི་རྗེས་སུ་སློབ་གྲྭ་ཁག་གི་དབུ་འཛིན་རྣམ་པའི་གཏམ་བཤད་ཀྱི་ནང་། དེ་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག དུས་ཡུན་ཐུང་ངུ་ཞིག་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཤེས་ཡོན་བརྗོད་དོན་ཁག་དཔེ་མཚོན་འདྲ་མིན་གྱི་ཐོག་ནས་ཁ་གསལ་ལ་གོ་བདེ་བས། སློབ་ཕྲུག་དང་དགེ་ལས་ཚོར་གོ་རྟོགས་གནད་སྨིན་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་སོང་སྙམ་པའི་ཚོར་སྣང་ཧ་ཅང་ཆེན་པོ་བྱུང་ཞེས་བསྔགས་བརྗོད་དང་། རྗེས་སུ་ཡང་དེ་ལྟ་བུའི་གོ་རྟོགས་ཀྱི་ལས་རིམ་མང་ཙམ་བྱུང་ན་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་ངེས་ཞེས་རེ་སྐུལ་ཡང་གནང་གི་འདུག གཞན་ཡང་གཏམ་བཤད་ཚར་བའི་རྗེས་སུ་དགེ་ལས་དང་། སློབ་ཕྲུག་འགའ་ཞིག་གིས་རང་ཉིད་ལ་དེ་རིང་གོ་རྟོགས་ཡག་པོ་བྱུང་། ཐུགས་རྗེ་ཆེ། སླད་ཀྱང་དགེ་བཤེས་ལགས་ང་ཚོའི་སློབ་གྲྭར་གཏམ་བཤད་གནང་བར་ཡོང་རོགས་ཞེས་རེ་བ་གནང་མཁན་ཡང་མང་པོ་བྱུང་སོང་ལ། སོ་སོའི་བསམ་ཤོག་གི་ནང་ལའང་དེ་ལྟ་བུའི་གནས་ཚུལ་མང་པོ་བྲིས་འདུག དེ་བཞིན་སློབ་གྲྭའི་དཔེ་མཛོད་ཀྱི་ལས་བྱེད་དེ་འདྲ་ངའི་སར་ཡོང་ནས་དགེ་བཤེས་ལགས་ཀྱི་གཏམ་བཤད་ལས་རིམ་འདིའི་ཐོག་ནས་ཕྲུ་གུ་ཚོར་ཕན་ཐོགས་ཡག་པོ་བྱུང་འདུག།དེ་རིང་ཁ་སང་ཕྲུ་གུ་མང་པོ་ཞིག་དཔེ་མཛོད་ནང་ཡོང་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་དཔེ་དེབ་ག་པར་ཡོད་རེད་ཅེས་གསུང་མཁན་མང་པོ་ཡོང་གི་འདུག་ཞེས་གསུང་གི་འདུག།མང་ཚོགས་ཀྱི་ཁྲོད་ནས་ཀྱང་དོ་སྣང་ཆེན་པོས་སླར་ཡང་གཏམ་བཤད་དེ་འདྲ་གང་མང་ཡོང་བའི་རེ་སྐུལ་གནང་གི་འདུག།ས་གནས་འགའ་ཞིག་ལ་གཏམ་བཤད་འཕར་མ་དེ་འདྲའང་བྱེད་དགོས་བྱུང་། དེར་བརྟེན་ལས་རིམ་འདིའི་བརྒྱུད་ནས་དགེ་ལས་སློབ་ཕྲུག་མང་ཚོགས་ཚང་མར་དོ་སྣང་བྱེད་སའི་ཁ་ཕྱོགས་གསར་པ་ཞིག་དང་། ཕན་ཐོགས་ཡང་ཡག་པོ་འབྱུང་བཞིན་ཡོད་པའི་མཚོན་རྟགས་མང་པོ་ཞིག་ཡོང་གི་འདུག་སྙམ་པའི་ཚོར་སྣང་ཆེན་པོ་བྱུང་ཞེས་ཞུ་རྒྱུ་ཡིན།། །།

ཕྱིར་གོང་དུ་ལོག