website templates free download

Table

༄༅། །ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་ཚན་དབུ་འབྱེད་མཛད་སྒོར་སྩལ་བའི་བཀའ་སློབ། །

(ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༡༤ ཉིན་ཊཱ་ཊཱ་སྤྱི་ཚོགས་ཚན་རིག་སློབ་གཉེར་ཁང་གི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་ཚན་དབུ་འབྱེད་མཛོད་སྒོར་སྩལ་བའི་བཀའ་སློབ།)

བཀུར་དུ་འོས་པ་དང་བརྩེ་བའི་གཅེན་གཅུང་ཡོངས་ལ་ཞུ་རྒྱུར། ནམ་རྒྱུན་མཛད་སྒོ་དེ་འདྲའི་སྐབས་ངོས་ཀྱིས་བརྩེ་བའི་གཅེན་གཅུང་ཚོ་ཞེས་ཐ་སྙད་འདི་བེད་སྤྱོད་བྱས་ཏེ་གཏམ་བཤད་འགོ་འཛུགས་ཀྱི་ཡོད། ངོས་ལ་རྒྱུ་མཚན་ཡོད། སྤྱིར་བཏང་ནས་ང་ཚོས་གཏམ་བཤད་དེ་འདྲ་བྱེད་སྐབས། གོ་གནས་དང་མིང་གནས་སོགས་ཀྱི་ཐོག་ནས་འཚམས་འདྲི་ཞུས་ཏེ་གཏམ་བཤད་འགོ་འཛུགས་བྱེད་ཀྱི་ཡོད། ཨ་ཅང་ཅང་ཡག་པོ་རེད། འོན་ཀྱང་གཞི་རྩའི་ཆ་ནས་ང་ཚོ་ཚང་མ་འགྲོ་བ་མི་ཡིན་པ་གཅིག་པ་རེད། (བཞད་གད།)

གལ་ཆེ་བ་ཞིག་ལ་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་དེ་དག་ནི། ཁྱིམ་ཚང་དང་། མི་རིགས། ཆོས་དད། གོ་གནས་སོགས་དང་འབྲེལ་བའི་རྒྱབ་ལྗོངས་ཀྱི་རིམ་པ་གཉིས་པའི་ཁྱད་པར་དེ་དག་ལ་བརྟེན་ནས་བྱུང་བ་ཤེས་དགོས། ངོས་ཀྱི་བསམ་པར། ད་ཆ་ཐ་ན་ཆོས་ལུགས་ཐེ་བའི་སྤྱི་ཚོགས་ནང་ང་ཚོས་རིམ་པ་གཉིས་པའི་ཁྱད་པར་ཐོག་ཧ་ཅང་དོ་ནན་བྱེད་པའི་རྐྱེན་ལས་བྱུང་བའི་དཀའ་ངལ་དེ་དག་ལ་ད་འགྲིགས་སོང་ཞེས་བརྗོད་དགོས་པའི་དུས་ལ་བབས་འདུག དེ་ནི་དངོས་གནས་ཐབས་སྐྱོ་པོ་དང་བསམ་ཡུལ་ལས་འདས་པ་ཞིག་ལ། ཆོས་ལུགས་མི་འདྲ་བ་མང་པོ་ལ་བརྟེན་ནས་དཀའ་ངལ་བཟོ་བ་དང་ཐ་ན་སྲོག་གཅོད་ཀྱི་ལས་ཀྱང་རྩོམ་གྱི་ཡོད། དེ་དག་ཚང་མ་ང་ཚོ་འགྲོ་བ་མི་ཐེར་འབུམ་བདུན་ལ་གཅིག་གྱུར་གྱི་འདུ་ཤེས་མེད་པའི་རྐྱེན་གྱིས་བྱུང་། དང་པོ་ང་ཚོ་ཚང་མ་འགྲོ་བ་མི་ཡིན་པ་གཅིག་པ་རེད། ཁྱད་པར་དེ་དག་ནི་རིམ་པ་གཉིས་པ་ཞིག་རེད། རིམ་པ་གཉིས་པའི་ཁྱད་པར་དེ་དག་གཞི་རྩའི་ཆ་ནས་སྡུག་བསྔལ་གྱི་རྒྱུར་ཅིས་ཀྱང་མི་འགྱུར་བ་བྱེད་དགོས། ངོས་ནས་རྟག་ཏུ་རང་ཉིད་འགྲོ་བ་མི་ཞིག་ཡིན་པར་བརྩི་བ་དང་། གཞན་དང་ཐུག་འཕྲད་ནམ་བྱུང་ལ་དེ་དག་ཀྱང་སྤུན་ཟླ་མི་རིགས་ཞིག་དང་གཅེན་གཅུང་ཡིན་པར་ཚོར་གྱི་ཡོད། ངོས་ལ་མཚོན་ན་བསམ་བློ་གཏོང་སྟངས་དེས་ཁ་ཡོད་ལག་ཡོད་ཀྱི་ནང་སེམས་ཀྱི་སྟོབས་ཤུགས་སྤེལ་ནས་དེ་མ་ཐག་གཞན་དང་མཉམ་དུ་གྲོགས་པོའི་འདུ་ཤེས་ཤིག་སྐྱེ་ཡི་འདུག ཇི་ཙམ་གྲོགས་པོ་མང་བ་དེའི་ཚོད་ཀྱིས་རང་གི་སེམས་ཞི་བར་གནས་པ་སོགས་ཀྱི་ཁེ་ཕན་ཆེ་བ་ཡོད། གལ་སྲིད་རང་ངོས་ནས་ཆོས་ལུགས་འདྲ་མིན་ཐེ་བའི་རིམ་པ་གཉིས་པའི་ཁྱད་པར་དེ་དག་ཐོག་རིག་པ་ཧ་ཅང་བསྒྲིམས་ན། ང་ཚོར་རྒྱབ་ལྗོངས་མི་གཅིག་པའི་མི་འདྲ་མིན་ཐུག་སྐབས། མཚམས་རེར་འབྲེལ་ཐག་རིང་བའི་ཚོར་སྣང་སྐྱེ་ཡི་རེད། དེར་བརྟེན། འདིར་འདུ་འཛོམས་བྱུང་བ་ཁྱེད་རང་ཚོས་ཀྱང་ངོས་རང་འགྲོ་བ་མི་ཞིག་ཏུ་བརྩི་དགོས། དེ་འདྲ་བྱུང་ན་ང་ཚོས་སོ་སོའི་གཅིག་གྱུར་གྱི་མྱོང་བའམ་བསམ་ཚུལ་ཁག་ཕན་ཚུན་སྤེལ་རེས་བྱེད་ཐུབ། གལ་ཏེ་ཁྱེད་རང་ཚོས་མི་འདྲ་བའི་ཆ་ལ་དོ་ནན་ཆེན་པོ་བྱས་ན། སྐབས་རེར་ཕན་ཚུན་སློབ་སྦྱོང་ལེན་རེས་བྱ་རྒྱུ་ཁག་པོ་ཆགས་ཀྱི་ཡོད།

ད་ཆ་ཁྱེད་རང་ཚོས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་རྩ་འཛིན་ཞིག་དངོས་སུ་གཏན་འབེབས་གནང་ཐུབ་པ་དང་། དེ་ཡང་བསམ་ཚུལ་ཙམ་མིན་པར། དངོས་སུ་ལག་བསྟར་བྱེད་པའི་ཐོག་ནས་ཉམས་མྱོང་གསོག་པ་དང་སྦྱང་རྒྱུའི་ཀློག་དེབ་ཅིག་པར་སྐྲུན་ཐུབ་པར་ངོས་ནས་འཚམས་འདྲི་དང་བསྔགས་བརྗོད་ཞུ་འདོད་བྱུང་། ངོས་ནས་བསམ་ཚུལ་རྐྱང་བཤད་དེ་བསྡད། ཁྱེད་རང་ཚོས་ཁ་ཙམ་མིན་པར་དོན་ཐོག་ཏུ་སྨིན་པར་བྱེད་ཐུབ་པ་བྱུང་བར་བརྟེན་ངོས་རང་འགྲམ་ཆུ་ལྡང་དགོས་པ་ཆགས་ས་རེད། དེར་བརྟེན། ཁྱེད་རང་ཚོས་ལོ་མང་པོའི་རིང་དོ་སྣང་དང་འབད་བརྩོན་བྱས། དོ་སྣང་ཙམ་མིན་པར་དངོས་སུ་ལག་བསྟར་བྱས་ཏེ་དེའི་འབྲས་བུར་ངེས་ཤེས་བརྟན་པོ་ཞིག་རྙེད་ཐུབ་པ་བྱུང་། དེ་གཞི་ལ་བྱས་ཏེ་བསླབ་གཞི་རྩ་འཛིན་འདི་དངོས་སྒྱུར་ཐུབ་པར་ངོས་ནས་ཡི་རང་བསྔགས་བརྗོད་ཞུ་འདོད་བྱུང་། ཧ་ཅང་ཡག་པོ་རེད།

ད་ལྟ་ང་རང་ཚོས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་སྐད་ཆ་ཤོད་པའི་རྒྱུ་མཚན་ནི། དང་པོ་ངོས་ཀྱི་ཉམས་མྱོང་ལ་གཞིགས་ན། ངོས་རང་ནང་པའི་གྲྭ་པ་ཞིག་དང་ཉམས་ལེན་པ་ཞིག་རེད། འཆར་ཅན་ཞོགས་པ་ཆུ་ཚོད་གསུམ་པའམ་གསུམ་དང་ཕྱེད་ཀ་ཙམ་ལ་གཉིད་སད་མ་ཐག་ནང་ཆོས་ནས་གསུངས་པ་ལྟར་གཞན་ཕན་གྱི་ལྟ་བར་བསམ་བློ་གཏོང་གི་ཡོད། ང་ཚོས་དེ་ལ་སེམས་ཅན་ཐམས་ཅད་ལ་དམིགས་པའི་བྱང་ཆུབ་ཀྱི་སེམས་ཞེས་བྱ་ཞིང་། ཤེས་རབ་ཀྱི་གྲོགས་དང་བཅས་པ་དགོས། དངོས་ཡོད་ཀྱི་གནས་སྟངས་ཤེས་པའི་ཐོག་ནས་བསམ་བློ་དེ་ལྟར་གཏོང་རྒྱུ་ནི་ནང་སེམས་ཀྱི་ཞི་བདེ་བསྐྲུན་རྒྱུར་ཧ་ཅང་ཕན་ཐོགས་ཆེ། དེ་ནས་སེམས་ཅན་ཐམས་ཅད་ལ་བསམ་བློ་བཏང་ནས་སྨོན་ལམ་འདེབས་ཀྱི་ཡོད། སྐབས་རེར་དེ་ནི་ངོས་ནས་སྐད་ཆ་སྟོང་པ་འདྲ་པོ་ཚོར་གྱི་འདུག རྒྱུ་སྐར་འདི་གཅིག་པུའི་སྟེང་དུ་མ་གཏོགས་རྒྱུ་སྐར་གཞན་སྟེང་གི་སེམས་ཅན་དེ་ཚོར་ང་ཚོས་སྨོན་ལམ་འདེབས་པ་ཙམ་ལས་གཞན་གང་ཡང་བྱེད་ཐུབ་ཀྱི་མེད། རྒྱུ་སྐར་གཞན་སྟེང་དུ་སེམས་ཅན་གྲངས་ལས་འདས་པ་ཡོད་སྲིད་པས། དེ་དག་ལ་ང་ཚོས་འབྲེལ་བ་བྱེད་མི་ཐུབ་པ་དང་། དེ་དག་གི་ཆེད་དུ་ང་ཚོས་གང་ཡང་བྱེད་ཐུབ་ཀྱི་མེད། རྒྱུ་སྐར་འདིའི་སྟེང་དང་དགུ་ཚིགས་འདིའི་སྟེང་དུ་ཡིན་ནའང་། དུད་འགྲོ་དང་། བྱིའུ། འབུ་སྲིན། ཉ་སོགས་ས་ཡ་མང་པོ་ཡོད་པར་ང་ཚོས་གང་ཡང་བྱེད་ཐུབ་ཀྱི་མེད། དཔེར་ན། ང་ཚོས་དུད་འགྲོ་འགའ་མཐོང་སྐབས་སེམས་ཁུར་གྱི་ཚོར་བ་ཆེན་པོ་ཞིག་སྐྱེས་པ་དང་། སྐབས་རེར་མིག་ཆུ་ཤོར་ནའང་དེ་ལས་ལྷག་པ་གང་ཡང་བྱེད་ཐུབ་ཀྱི་མེད།

འགྲོ་བ་མི་ལ་མཚོན་ན། རྒྱུ་སྐར་འདིའི་སྟེང་མི་ཐེར་འབུམ་བདུན་ཡོད། ང་ཚོར་མིའི་ལུས་པོ་དང་། མིའི་ཀླད་པ། མིའི་ནུས་པ་ཡོད་པ་གཅིག་མཚུངས་རེད། དེའི་ཕྱིར་ང་ཚོར་སྐད་ཡིག་རེ་ཡོད། སྐད་ཡིག་གི་ཐོག་ནས་ང་ཚོས་ཕན་ཚུན་འབྲེལ་བ་བྱེད་ཐུབ་ཀྱི་ཡོད། སེམས་དང་། ལུས། སེམས་ཚོར་བཅས་ཀྱི་ཆ་ནས་ང་ཚོ་གཅིག་པ་ཡིན་སྟབས། ང་ཚོས་སོ་སོའི་ཉམས་མྱོང་མི་འདྲ་བ་རྣམས་ཕན་ཚུན་སྤེལ་རེས་བྱེད་ཆོག ང་ཚོས་སེམས་ཅན་ཐམས་ཅད་ལ་སྨོན་ལམ་འདེབས་སྐབས། དོན་དངོས་དང་མཐུན་པའི་ཐོག་ནས་བཤད་ན། གོང་དུ་བཤད་པ་ལྟར་མི་འབོར་ཐེར་འབུམ་བདུན་ཡོད་པ་ཚང་མ་སེམས་དང་། ལུས་པོ། སེམས་ཚོར་བཅས་ཀྱི་ཆ་ནས་གཅིག་པ་གཅིག་རྐྱང་ཡིན། མ་ཡི་མངལ་ལས་སྐྱེས་པ་དང་མཐའ་མ་འཆི་བའི་བདག་ཉིད་དུ་གྲུབ་པའང་གཅིག་པ་རེད། ང་ཚོ་སྤྱི་ཚོགས་ཀྱི་སེམས་ཅན་ཡིན་སྟབས་མཉམ་དུ་འཚོ་གནས་བྱེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་ང་ཚོའི་ལུས་པོའི་གྲུབ་སྟངས་ཀྱི་ཆ་ནས་བཤད་ན། ངོས་ནས་གོང་དུ་བཤད་པར་ལྟར། དེང་སང་ཚན་རིག་པ་ཁ་ཤས་ཀྱིས། གཞི་རྩའི་འགྲོ་བ་མིའི་རང་བཞིན་ནི་སྙིང་རྗེའི་རང་བཞིན་ཡིན་པར་བཤད་ཡོད། དེ་ནི་ངོ་ཐོག་ཏུ་ང་ཚོའི་རེ་བའི་གཞི་རྟེན་ཡིན། གལ་སྲིད་གཞི་རྩའི་འགྲོ་བ་མིའི་རང་བཞིན་དེ་ཁོང་ཁྲོ་ཡིན་ན་རེ་བ་ཟད་པ་རེད། འོན་ཏེ་ངེད་ཅག་སྤྱི་ཚོགས་ཀྱི་སེམས་ཅན་ཡིན་སྟབས། ལུས་དང་ལུས་པོའི་གྲུབ་སྟངས་ཀྱི་ཆ་ནས་ང་ཚོར་སྙིང་རྗེ་དང་བརྩེ་བའི་ས་བོན་ལྡན་ཡོད།

དེར་བརྟེན་ད་ཆ་དྲི་བ་ནི། མིའི་གཞི་རྩའི་རང་བཞིན་དེ་སྙིང་རྗེ་ཡིན་ཡང་། ད་དུང་དྲག་སྤྱོད་མང་པོ་བྱུང་དང་འབྱུང་བཞིན་པའི་རྒྱུ་མཚན་གང་ཡིན་ནམ་ཞེས་པ་དེ་ཡིན། དྲག་སྤྱོད་ནི་འདས་པའི་དུས་སུ་འགྲོ་བ་མིའི་ལོ་རྒྱུས་ཙམ་གྱི་ཁྲོད་དང་། གླིང་ཕྲན་གཅིག་ནས་གཅིག་ཙམ་དུ་མིན་པར། རྒྱལ་ཁབ་གཅིག་ནས་གཅིག་དབར་དང་། ཐ་ན་རྒྱལ་ཁབ་གཅིག་གི་ནང་དུའང་བྱུང་ཞིང་། སྤྱི་ཚོགས་འདྲ་མིན་ཡོད་པ་དེ་དག་ཧ་ལམ་རྒྱུན་ལྡན་ལྟ་བུ་ཞིག་ཡོད། དེར་བརྟེན་ང་ཚོ་དང་ཁོ་ཚོ་ཟེར་བའི་ལྟ་ཚུལ་དེ་ཅུང་དོན་དངོས་དང་མཐུན་པ་ཞིག་ཆགས་ཏེ། སོ་སོར་དཀའ་ངལ་བཟོ་མཁན་གྱི་ཁྱིམ་མཚེས་དེ་གཏོར་བཤིག་གཏོང་ཐུབ་པ་བྱུང་ན་རང་གི་རྒྱལ་ཁར་བརྩི་ཡི་ཡོད། འོན་ཏེ་དེང་སང་གི་འཛམ་བུ་གླིང་འདིའི་ནང་། གོ་ལའི་དཔལ་འབྱོར་ཐད་རྒྱལ་ཁབ་ཀྱི་ས་མཚམས་མེད། ཆོས་ལུགས་ཀྱི་ས་མཚམས་མེད། དེ་བཞིན་གོ་ལའི་ཚ་དྲོད་ཅེས་པའི་དཀའ་ངལ་དེ་སེམས་ཅན་ཐམས་ཅད་ལ་འཕྲད་བཞིན་པ་དང་དུས་མཚུངས། འཕྲོད་བསྟེན་གྱི་ཆ་རྐྱེན་ཡར་རྒྱས་ཕྱིན་པའི་རྐྱེན་ལས་མི་འབོར་གྱི་གྲངས་ཚད་འཕེལ་བཞིན་ཡོད། དེ་དག་གི་རྐྱེན་པས་རང་བྱུང་གི་ཐོན་ཁུངས་ཟད་པའམ་མི་འདང་བའི་རྟགས་མཚན་སྟོན་གྱི་ཡོད། དེའི་ཕྱིར་ངེད་ཅག་གི་མ་འོངས་པ་དེ་སྟབས་བདེ་པོ་ཞིག་མི་འོང་། གནས་སྟངས་དེའི་འོག་ཏུ་ང་ཚོ་འགྲོ་བ་མི་ཚང་མས་གཅིག་གྱུར་དང་གཅེན་གཅུང་གི་འདུ་ཤེས་ཐོག་ནས་གཅིག་གིས་གཅིག་ལ་གཞོགས་འདེགས་བྱེད་ཀྱིན་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་སྐྱེལ་དགོས་ཀྱི་ཡོད།

ད་ལྟའི་ཆར་ཆོས་ལུགས་ཆེ་ཁག་ཚང་མ་སྟེ། འཇིག་རྟེན་བཀོད་པ་པོ་ཁས་ལེན་མཁན་དང་མི་ལེན་མཁན་སུ་ཡིན་རུང་གཉིས་ཀས་སྙིང་རྗེ་དང་། བཟོད་སྒོམ། དགོངས་ཡངས། རང་སྒྲིག་རང་སྲུང་བཅས་ཀྱི་བསླབ་བྱར་གལ་ཆེན་པོ་བརྩི་ཡི་ཡོད། འདས་པའི་མི་ལོ་ ༣༠༠༠ ལྷག་གི་རིང་། ཆོས་ལུགས་མི་འདྲ་བ་དེ་དག་གང་ཟག་འགའ་ཞིག་ལ་དངོས་གནས་ཕན་ཐོགས་པོ་ཞེ་དྲག་བྱུང་ཡོད། འོན་ཏེ་མང་ཚོགས་བྱིངས་ཀྱི་ཁྲོད་ཆོས་ལུགས་ལ་བརྟེན་ནས་དབྱེ་འབྱེད་ཀྱི་ཁྱད་པར་བྱུང་ཡོད། དེང་སང་འཛམ་གླིང་ནང་། སྐབས་འདི་ག་རང་ལ་ང་ཚོས་ཞི་བདེ་ལོངས་སུ་སྤྱོད་ཀྱི་ཡོད་ནའང་། རྒྱུ་སྐར་འདི་རང་ལ་འགྲོ་བ་མི་གཅིག་པ་ཡིན་པ་ཁ་ཤས་ཀྱིས་ས་ཆ་འགའ་ཞིག་ལ་ཆོས་ལུགས་ཀྱི་མིང་ཐོག་ནས་ཕན་ཚུན་གསོད་རེས་བྱེད་ཀྱི་ཡོད། མི་བཟང་པོ་ཞིག་དང་སྙིང་རྗེ་ལྡན་པ་ཞིག་གསོ་སྐྱོང་བྱ་རྒྱུར་ཆོས་ལུགས་མི་འདྲ་བ་ཚང་མར་ནུས་པ་གཅིག་པ་ཡོད་ཀྱང་། ཁ་གསང་པོར་བཤད་ན་ལམ་ལྷོང་བྱུང་མེད།

ད་ཆ་ང་ཚོའི་མིག་སྔར་ལྷག་པའི་འདམ་ག་གཞན་ནི་ཤེས་ཡོན་ཡིན། ཤེས་ཡོན་སློབ་སྟོན་པ་དང་ཚན་རིག་པ་འགའ་དང་ངོས་ཀྱི་ལྟ་ཚུལ་གཅིག་པར་སྣང་། ངོས་ཀྱི་མཐོང་སྣང་ལ། ད་ཡོད་ཀྱི་ཤེས་ཡོན་ལམ་ལུགས་དེ་དག་ཧ་ལམ་ནུབ་ཕྱོགས་ནས་བླངས་པ་འདྲ་པོ་ཡོད། འདས་པའི་མི་ལོ་ ༢༠༠ ལྷག་གི་གོང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་བཟོ་ལས་ཅན་དུ་སྒྱུར་འགོ་བཙུགས་པའི་རྗེས་དེང་དུས་ཀྱི་ཤེས་ཡོན་འཕེལ་རྒྱས་ཕྱིན་པར་སྣང་། ངོས་ཀྱི་བསམ་པར། དེའི་སྔོན་དུ་མཆོད་ཁང་དང་དགོན་པ་རྣམས་སློབ་གཉེར་བྱེད་སའི་ལྟེ་གནས་ཆགས་ཡོད། རིམ་གྱིས་ནུབ་ཕྱོགས་སུ་བཟོ་ལས་ཅན་དུ་བསྒྱུར་བའི་རྗེས་སློབ་གཉེར་གྱི་ལྟེ་གནས་ལོགས་སུ་བྱུང་བ་རེད། སྐབས་དེ་དུས་བཟང་སྤྱོད་ཀྱི་བསླབ་བྱའི་ཐད་ཆོས་ཕྱོགས་ཀྱི་ལྟེ་གནས་ཁག་གིས་འགན་ཁུར་བཞེས་ཡོད། དེང་སང་གི་འཛམ་གླིང་ནང་། མི་འབོར་ཐེར་འབུམ་བདུན་ཡོད་པའི་ནང་ནས་ཐེར་འབུམ་གཅིག་ཙམ་གྱིས་ཆོས་ལ་ཡིད་ཆེས་བྱེད་ཀྱི་མེད། ཁ་གསང་པོར་བཤད་ན། ཆོས་ལ་ཡིད་ཆེས་བྱེད་མཁན་ཐེར་འབུམ་དྲུག་གི་ནང་དུའང་རྙོག་དྲ་སློང་མཁན་ནམ་མ་རབས་ཀྱི་ལས་ཀ་བྱེད་མཁན་ཉུང་ཤས་ཡོད། སེམས་སྐྱིད་པོ་ཡོད་སྐབས་ངོ་ཐོག་ཏུ་ཆོས་དད་ཅན་འདྲ་པོར་མངོན་ནའང་། དཀའ་ངལ་འཕྲད་པའི་སྐབས་ཆོས་ཀྱི་ཞག་ཚི་ཁྱོན་ནས་མེད་པར། ང་ཚོ་དང་ཁོང་ཚོ་ཟེར་ནས་སེམས་ཚོར་དྲག་པོའི་དབང་དུ་སོང་ནས་ཐ་ན་གཞན་གྱི་སྲོག་གཅོད་པར་ཡང་ཐེ་ཚོམ་བྱེད་ཀྱི་མེད།

དེ་དག་གི་ཐད་མི་རྣམས་ལ་ཤེས་ཡོན་སྤྲོད་ཆེད་ང་ཚོར་སྔོན་འགྲོའི་སློབ་གྲྭ་ནས་གཙུག་ལག་སློབ་གཉེར་ཁང་བར་ལག་བསྟར་ཐུབ་པའི་ཤེས་ཡོན་གྱི་ལམ་ལུགས་ཤིག་ཡོད་ན། རིམ་གྱིས་མི་རྣམས་ལ་ངེས་ཤེས་ཤིག་རྙེད་ནས། སེམས་པ་བཟང་པོ་བྱ་རྒྱུ་དེ་སོ་སོ་རང་གི་ཁེ་ཕན་ཡིན་པའང་གསལ་པོ་ཤེས་པ་དང་། སོ་སོའི་ལུས་ཀྱི་འཕྲོད་བསྟེན་ལ་སོགས་པར་དོ་སྣང་བྱེད། ལུས་ཀྱི་འཕྲོད་བསྟེན་དང་སེམས་ཀྱི་འཕྲོད་བསྟེན་དབར་འབྲེལ་བ་ཟབ་པོ་ཡོད། ངོ་ཐོག་ཏུ་ང་ཚོའི་སེམས་ཀྱི་ཞི་བདེ་དཀྲུག་མཁན་དེ་ཁོང་ཁྲོ་ཡིན། སྤྱིར་བཏང་ང་ཚོས་ཁོང་ཁྲོ་ནི་ང་ཚོའི་སེམས་ཀྱི་རང་ཆས་སུ་གྲུབ་པའི་ཆ་ཤས་སུ་བརྩི་ཡི་ཡོད། དེ་རྩ་བ་ནས་མ་རེད། ང་ཚོའི་སེམས་ནང་ཁོང་ཁྲོར་གནོད་མཁན་གྱི་བློ་ཞིག་ཡོད། དེར་བརྟེན་སྙིང་རྗེ་དང་ཁོང་ཁྲོ་གཉིས་དུས་གཅིག་ལ་ལྷན་ཅིག་ཏུ་གནས་ཐབས་མེད། སྦྱོང་བརྡར་ལ་བརྟེན་ནས་ང་ཚོས་སྙིང་རྗེ་སོགས་ཡར་རྒྱས་གཏོང་ཐུབ། མཐའ་གཅིག་ཏུ་སྒོམ་རྒྱག་དགོས་དོན་མེད། སོ་སོའི་རྣམ་དཔྱོད་བེད་སྤྱོད་བྱས་ཏེ་ཚན་རིག་གི་རྙེད་དོན་ཐེ་བའི་བྱ་དངོས་ལ་བརྟག་དཔྱད་བྱེད་དགོས། འོན་ཏེ་ཁོང་ཁྲོ་སོགས་ལ་ཕན་ཐོགས་ཅི་ཡང་མེད། དེས་དང་པོ་སོ་སོའི་སེམས་ཀྱི་ཞི་བདེ་མེད་པ་བཟོ་བ་དང་། རིམ་གྱིས་སོ་སོའི་འཕྲོད་བསྟེན་ལ་གནོད། དེ་ནས་སོ་སོའི་ཁྱིམ་ཚང་ནང་གི་མཛའ་བརྩེའི་ཁོར་ཡུག་དེ་གཏོར་བཤིག་གཏོང་གི་ཡོད། མ་གཞི་ཁོང་ཁྲོ་ཟེར་བ་དེ་ང་ཚོའི་སེམས་ཚོར་གྱི་ཆ་ཤས་ཤིག་ཡིན་ནའང་དེ་ལ་ཕན་ཐོགས་ཁྱོན་ནས་མེད། གལ་སྲིད་ང་ཚོས་སོ་སོའི་རྣམ་དཔྱོད་བེད་སྤྱོད་ཡག་པོ་བྱས་ན། ཁོང་ཁྲོ་ཟེར་བ་བེད་སྤྱོད་མེད་པ་ཞིག་ཡིན་པ་ཤེས་ཐུབ། ཁོང་ཁྲོའི་ལྡོག་ཕྱོགས་ནི་བརྩེ་བའམ་སྙིང་རྗེ་ཡིན། ལུས་པོའི་གྲུབ་སྟངས་ཀྱི་ཆ་ནས་ང་ཚོར་དེ་ལྡན་ཡོད། དེ་ནས་ཆོས་ལུགས་ཀྱི་དད་པ་ཙམ་ལ་གཞི་མ་བྱས་པར་ཤེས་ཡོན་གྱི་ལམ་ནས་ཚན་རིག་གི་གྲུབ་དོན་དང་། ཐུན་མོང་གི་ཉམས་མྱོང་། རྒྱུན་ཤེས་སོགས་བེད་སྤྱོད་བྱས་ན། སྙིང་རྗེའི་བདག་ཉིད་དུ་གྲུབ་པའི་ང་ཚོའི་སེམས་དེ་ལ་ཡིད་ཆེས་དང་ངེས་ཤེས་རྙེད་ཐུབ། དེ་ནི་ཧ་ཅང་གལ་ཆེན་པོ་ཡིན།

འདས་པའི་མི་ལོ་སུམ་ཅུ་ལྷག་གི་རིང་ངོས་ནས་ཁ་ཙམ་མིན་པར་དེང་དུས་ཀྱི་ཚན་རིག་པ་ཚོ་དང་མཉམ་དུ་བགྲོ་གླེང་ལྷུག་པོ་བྱས་པ་ཡིན། འོན་ཏེ་སྐྱེ་བ་ཕྱི་མའམ་ཐར་པའི་སྐོར་ལ་བགྲོ་གླེང་རྩ་བ་ནས་མ་བྱས་པར། ང་ཚོའི་སེམས་ཚོར་དང་། འཇིག་རྟེན། རྒྱུ་སྐར་སོགས་ཀྱི་འགྲོ་སྟངས་སྐོར་ལ་བགྲོ་གླེང་བྱས་པ་ཡིན། སྤྱིར་བཏང་ངོས་ནས་འཇིག་རྟེན་ཁམས་ཀྱི་རིག་པ་དང་། ཀླད་པའི་སྐོར་གྱི་དབང་རྩའི་ཚན་རིག དངོས་ཁམས་རིག་པ་དང་ཁྱད་པར་དུ་ཀོན་ཊམ་དངོས་ཁམས་རིག་པ་བཅས་ཀྱི་སྐོར་བགྲོ་གླེང་བྱས་པ་ཡིན། ཐེངས་ཤིག་རྒྱ་གར་གྱི་རྡུལ་ཕྲན་དངོས་ཁམས་རིག་པ་སྨྲ་བ་ཞིང་གཤེགས་དམ་པ་རཱཇཱ་རམནྣཱ་ (Raja Ramanna) མཆོག་གིས། ནུབ་ཕྱོགས་སུ་ཀོན་ཊམ་དངོས་ཁམས་རིག་པ་ནི་ཕྱིས་སུ་གསར་དུ་དར་བ་ཞིག་དང་། ལུང་པ་འདིའི་ནང་ཀོན་ཊམ་དངོས་ཁམས་རིག་པའི་རྣམ་གཞག་དེ་མི་ལོ་ ༢༠༠༠ སྔོན་དུ་དར་བ་རེད་ཅེས་དང་། དེ་ཡང་ཁོང་གིས་བཀླགས་པའི་མགོན་པོ་ཀླུ་སྒྲུབ་ཀྱི་གསུང་རྩོམ་ཞིག་ནང་རྣམ་གཞག་དེ་སྔ་ས་ནས་འདུག་ཅེས་ངོས་ལ་གསུངས་བྱུང་། དེའི་ཕྱིར་ངོས་རང་གི་ཉམས་མྱོང་ལ་གཞིགས་ན། ཚན་རིག་པ་ཚོ་དང་མཉམ་དུ་ཀོན་ཊམ་དངོས་ཁམས་རིག་པའི་བརྗོད་གཞིའི་ཐོག་བགྲོ་གླེང་བྱེད་སྐབས། ངོས་ཀྱི་ཤེས་རྒྱ་དེ་ཁོང་ཚོ་ལས་རྦད་དེ་ཆེ་བ་ཡོད། གང་ཡིན་ཞེ་ན། ང་ཚོས་རྣམ་གཞག་དེ་སྦྱངས་ཡོད།

ཚན་རིག་པ་ཚོས་གནའ་བོའི་རྒྱ་གར་གྱི་སེམས་ཁམས་རིག་པར་ལྟ་དུས་དེང་དུས་ཀྱི་སེམས་ཁམས་རིག་པ་དེ་སྔོན་འགྲོ་སློབ་གྲྭའི་གནས་ཚད་དུ་མ་གཏོགས་སླེབས་མེད། རྒྱ་གར་གྱི་སེམས་ཁམས་རིག་པ་འདི་ཧ་ཅང་ཚད་མཐོ་པོར་ཡར་ཐོན་བྱུང་ཡོད། ངོས་ནས་གོང་དུ་བཤད་པར་ལྟར། ལུང་པ་འདིའི་ནང་གྲངས་ཅན་པའི་ལྟ་གྲུབ་དང་། གཅེར་བུ་པའི་ལྟ་གྲུབ། དེ་བཞིན་ཧིན་དུའི་ལྟ་གྲུབ། ནང་པའི་ལྟ་གྲུབ་སོགས་ལྟ་གྲུབ་མི་འདྲ་བ་སྣ་ཚོགས་དར་ཡོད། ང་ཚོའི་ཉམས་ལེན་ནང་། དཔེར་ན། ཞི་གནས་དང་ལྷག་མཐོང་ལྟ་བུ་ཉམས་ལེན་བྱེད་པ་ནི་ང་ཚོའི་སེམས་ལ་སྦྱོང་བརྡར་སྤྲོད་པའི་ཐབས་ལམ་ཞིག་ཡིན། དེར་བརྟེན་ང་ཚོའི་སེམས་ལ་སྦྱོང་བརྡར་གཏོང་རྒྱུར་སོ་སོའི་སེམས་དང་སེམས་ཚོར་གྱི་རྣམ་གཞག་ཐད་གོ་རྟོགས་ཡག་པོ་དགོས། དེའི་ཕྱིར་གནའ་བོའི་རྒྱ་གར་གྱི་སྲོལ་རྒྱུན་ནང་སེམས་ཀྱི་སྐོར་འགྲེལ་བཤད་ཧ་ཅང་མང་པོ་མཛད་ཡོད། ནམ་རྒྱུན་ངོས་ཀྱིས་ཚན་རིག་པ་ཚོ་དང་མཉམ་དུ་བགྲོ་གླེང་བྱེད་སྐབས། ཚན་རིག་པ་མང་པོས་གནའ་བོའི་རྒྱ་གར་གྱི་སེམས་ཁམས་རིག་པའི་རྣམ་གཞག་སྦྱོང་འདོད་དང་ཤེས་འདོད་ཆེན་པོ་བྱེད་ཀྱི་འདུག འོན་ཏེ་དེང་དུས་ཀྱི་རྒྱ་གར་བ་ཚོས་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ལ་འབད་ཀྱིན་སོ་སོའི་གནའ་བོའི་རིག་གཞུང་དེར་སྣང་མེད་ཤོར་ཡོད། དེང་དུས་ཀྱི་ཤེས་ཡོན་ནི་དངོས་ཡོད་ཀྱི་ཆ་ནས་ལུང་པ་ཡར་རྒྱས་གཏོང་རྒྱུ་དང་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུར་ཨ་ཅང་ཅང་གལ་ཆེན་པོ་རེད། འོན་ཀྱང་དེ་ཙམ་གྱིས་འདང་གི་མེད། ང་ཚོར་ལུས་པོ་འདི་དང་སེམས་འདི་ལྡན་ཡོད། ལུས་ཀྱི་ཆ་ནས་ཕྱི་དངོས་པོའི་ཡར་རྒྱས་ལ་བརྟེན་ཅིང་། ཕྱི་དངོས་པོས་ང་ཚོའི་ལུས་ཀྱི་དགོས་མཁོ་བསྐྲུན་ནས་ལུས་ཀྱི་བདེ་བ་འབྱུང་གི་ཡོད། ནང་སེམས་ཀྱི་བདེ་སྐྱིད་ལ་མཚོན་ན༑ སེམས་ཀྱི་ཞི་བདེ་ནི་ང་ཚོས་ཚོང་ཁང་ནང་ནས་ཉོ་མི་ཐུབ། ཁྱེད་རང་ཚོ་ས་ཡའམ་དུང་ཕྱུར་གྱི་བདག་པོ་ཚོར་དངུལ་ཁྲི་ཕྲག་མང་པོ་གཏང་ཆོག་ཆོག་ཡོད། འོན་ཏེ་ང་ལ་སེམས་ཀྱི་ཞི་བདེ་དགོས་ཀྱི་འདུག འཚོང་རྒྱུ་ཡོད་དམ་ཞེས་ཚོང་ཁང་ནང་སྐད་བརྒྱབ་ན། མི་ཚང་མ་གད་མོ་ཤོར་རྒྱུ་རེད། སེམས་ཀྱི་ཞི་བདེ་ཞེས་པ་ཕྱི་རོལ་ནས་མིན་པར་སོ་སོའི་ནང་བསམ་བློའི་ཐོག་ནས་ཡར་རྒྱས་གཏོང་དགོས།

དེར་བརྟེན་ཁོང་ཁྲོ་དང་། སུན་སྣང་། ཡིད་ཆེས་མེད་པ་སོགས་གནོད་འཚེ་ཅན་གྱི་སེམས་ཚོར་དེ་དག་ལ་གདོང་ལེན་ཇི་ལྟར་བྱེད་དམ་ཞེས་པའི་དྲི་བ་དེར་ཤེས་ཡོན་གྱི་ཐོག་ནས་ལན་འདེབས་བྱེད་དགོས། སྒོམ་ཉམས་ལེན་བྱེད་པ་ལ་སོ་སོའི་སེམས་ལ་བྱ་ར་བྱེད་དགོས་པ་དང་། བྱིང་བ་དང་རྒོད་པ་གཉིས་ཀྱི་ལྡོག་ཟླའི་བློ་གཉིས་པོ་བེད་སྤྱོད་ཐུབ་པ་ལ་དེ་གཉིས་སྤོང་དགོས། ཞི་གནས་དང་ལྷག་མཐོང་གི་ཉམས་ལེན་ལྡན་པའི་སྲོལ་རྒྱུན་ཁག་ནང་། སེམས་ལ་སྦྱོང་བརྡར་གཏོང་ཕྱོགས་དང་སེམས་ཀྱི་ཞི་བདེ་སྐྲུན་ཕྱོགས་ཐད་འགྲེལ་བཤད་རྒྱག་རྒྱུ་རང་བཞིན་གྱིས་མང་བ་ཡོད། དེས་ན་རྒྱ་གར་གྱི་རིག་གཞུང་ཁྲོད་ཤེས་ཡོན་དེ་དག་སྔ་ས་ནས་ཡོད། གལ་ཏེ་ཁྱེད་རང་ཚོས་ཤེས་ཡོན་དེ་དག་ཆོས་ཕྱོགས་ཀྱི་ཉམས་ལེན་གྱི་ཆ་ཤས་སུ་བརྩིས་ན༑ རྒྱ་གར་གྱི་མི་རིགས་ཚང་མར་སྙོབ་མི་ཐུབ། སྤྱིར་རྒྱ་གར་ནང་སྲོལ་རྒྱུན་གྱི་ཆོས་ལུགས་སྣ་ཚོགས་ཡོད་ཅིང་། འཛམ་གླིང་ནང་གི་ཆོས་ལུགས་ཆེ་ཁག་ཚང་མ་ལུང་པ་འདིའི་ནང་མཉམ་དུ་གནས་ཡོད། དེའི་ཕྱིར་རྒྱ་གར་ནི་ངོ་མཚར་ཅན་ཞིག་རེད། ཆོས་ལུགས་ཚང་མ་ཞི་མཐུན་མཉམ་གནས་ངང་གཅིག་གིས་གཅིག་ལས་སློབ་སྦྱོང་བྱེད་ཐུབ་པར་ངོས་ལ་ཡིད་ཆེས་བརྟན་པོ་ཡོད།

དེར་བརྟེན་ངོས་ཀྱི་འགན་ཁུར་ལས་གཅིག་ནི། ཆོས་ལུགས་ནང་ཁུལ་གྱི་མཛའ་མཐུན་གོང་མཐོར་གཏོང་རྒྱུ་དེ་ཡིན། གང་ཡིན་ཞེ་ན། གནའ་བོའི་རྒྱལ་ཁབ་རྒྱ་གར་ནང་ཆོས་ལུགས་མང་པོ་ཞིག་ས་སྐྱེས་རྡོ་སྐྱེས་ཡིན་པ་མ་ཟད། ལུང་པ་གཞན་ནང་དར་བའི་ཆོས་ལུགས་ཆེ་ཁག་འགའ་ལུང་པ་འདིར་སླེབས་ཏེ། ད་ལྟའི་ཆར་ཆོས་ལུགས་ཆེ་ཁག་ཚང་མ་འདིར་མཉམ་དུ་གནས་ཡོད། སྐབས་རེར་རྙོག་དྲ་ཡོང་སྲིད། དེ་ནི་ཧ་གོ་དོན་གསལ་རེད། སྐབས་རེར་ངོས་ནས་རྒྱ་གར་བ་ཐེར་འབུམ་གཅིག་ཡོད་པ་ཚང་མ་བྱང་ཆུབ་སེམས་དཔའ་མ་ཡིན། རྙོག་དྲ་སློང་མཁན་ཉུང་ཤས་ཡོད་ཅེས་རྩེད་མོ་དང་སྦྲགས་ནས་ཤོད་ཀྱི་ཡོད། སྤྱི་ཚོགས་ཤིག་ནང་འཚོ་གནས་བྱེད་ཀྱི་ཡོད་སྟབས་དཀའ་ངལ་ཡོང་སྲིད་པ་ཡིན། དེ་གསལ་པོ་རེད། འོན་ཀྱང་སྤྱི་ཡོངས་ནས་རྒྱ་གར་ནི་འཛམ་གླིང་གི་ཆོས་ལུགས་ཆེ་ཁག་ཚང་མ་མཉམ་དུ་སྡོད་སའི་ལུང་པ་གཅིག་པུ་དེ་ཡིན། ངོ་མཚར་ཅན་ཞིག་རེད།

ངོས་ནས་གོང་དུ་བཤད་པ་ལྟར་མི་ཐེར་འབུམ་བདུན་ཡོད་པ་ལས་ཐེར་འབུམ་གཅིག་ཆོས་ལ་ཡིད་ཆེས་མེད་མཁན་ཆགས་ཡོད། ཆོས་ལ་ཡིད་ཆེས་ཡོད་མཁན་ཚོའི་ནང་དུའང་རིན་ཐང་དེ་དག་ལ་གོ་རྟོགས་མེད་མཁན་དེ་འདྲ་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་ང་ཚོར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་ནང་སེམས་ཀྱི་རིན་ཐང་དེ་དག་ལ་འཇུག་པའི་ཐབས་ལམ་ཞིག་དགོས་ཀྱི་ཡོད། དེ་ཡང་ཆོས་ཕྱོགས་ཀྱི་ལུང་དང་ཡིད་ཆེས་ལ་མ་བརྟེན་པར། ཚན་རིག་གི་གྲུབ་དོན་དང་། ཐུན་མོང་གི་ཉམས་མྱོང་། ཐུན་མོང་གི་གོ་རྟོགས་བཅས་ལ་གཞི་བཞག་པ་ཞིག་དགོས། ངེད་ཅག་མི་འབོར་ཐེར་འབུམ་བདུན་ཡོད་པ་ཚང་མ་སོ་སོའི་ཨ་མ་ལས་བྱུང་སྟེ། ཚང་མ་ཨ་མའི་བྱམས་སྐྱོང་ལ་བརྟེན་ནས་འཚར་ལོངས་བྱུང་། དེར་བརྟེན་རྙོག་དྲ་བཟོ་མཁན་ཐེ་བའི་མི་ཐེར་འབུམ་བདུན་ཡོད་པ་ཚང་མ་གཅིག་མཚུངས་སུ་མ་ཡི་མངལ་ལས་སྐྱེས་པ་རེད། ཁོང་ཚོར་སོ་སོའི་ཕ་མའི་དྲུང་ནས་བརྩེ་བ་དང་བྱམས་སྐྱོང་ཐོབ་ཡོད།

སྔོན་འགྲོའི་སློབ་གྲྭ་ནས་མཐོ་རིམ་སློབ་གྲྭ་བར་སྤྱིར་ཕྱིའི་དངོས་པོ་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་སློབ་ཚན་མང་པོ་ཡོད་ཀྱང་། དེ་དག་དང་མཉམ་དུ་ནང་སེམས་ཀྱི་ཞི་བདེ་སྐྲུན་སླད་མི་རབས་གཞོན་པའི་ཕྲུ་གུ་ཚོའི་ཆེད་དུ་སེམས་ཡར་རྒྱས་གཏོང་ཕྱོགས་ཀྱི་སློབ་ཚན་ཞིག་ངེས་པར་དུ་བསླབ་གཞི་སྤྱིའི་ནང་འཇོག་དགོས། དེ་ནི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་དམིགས་ཡུལ་རེད། དེར་བརྟེན་ཁྱེད་རང་ཚོས་དེ་དག་དངོས་སུ་ལག་བསྟར་བྱས་དང་བྱེད་བཞིན་པར་ངོས་ཀྱིས་སེམས་གཏིང་ནས་ཡི་རང་ཞུ་ཡི་ཡོད།

ཨ་རིའི་ནང་གི་གྲོང་ཁྱེར་གཉིས་འདུག དེ་གཉིས་ཀྱི་མིང་དྲན་གྱི་མི་འདུག གྲོང་ཁྱེར་གཅིག་ལ་བྱམས་བརྩེའི་གྲོང་ཁྱེར་ཟེར་བ་དང་། གཞན་དེར་སྙིང་རྗེའི་གྲོང་ཁྱེར་ཟེར་གྱི་འདུག དེ་གཞིར་བཟུང་ཁོ་རང་ཚོས་གྲོང་ཁྱེར་ནང་ལས་འཆར་དེ་འདྲ་བསྒྲིགས་ཏེ། མཇུག་འབྲས་ཀྱང་ཧ་ཅང་ཡག་པོ་བྱུང་འདུག གྲོང་སྡེའི་སྤྱི་ཁྱབ་ཀྱིས། གྲོང་ཁྱེར་དེའི་ནང་གི་སློབ་ཕྲུག་ཚོའི་སེམས་ལ་ཞི་བདེ་ཆེ་བ་དང་གཞན་ལ་རོགས་རམ་བྱ་རྒྱུའི་འདོད་པ་ཆེ་བ་ཡོད་སྐོར་ངོས་ལ་བརྗོད་བྱུང་། ཤེས་ཡོན་གྱི་ཐོག་ནས་ནང་སེམས་ཀྱི་རིན་ཐང་སོགས་ཀྱི་སྐོར་མང་ཙམ་གླེང་སློང་བྱས་ན་ཁྱད་པར་ཆེན་པོ་ཡོང་གི་འདུག ངོས་ཀྱི་བསམ་པར་ལུང་པ་འདི་ནི་སྙིང་རྗེའི་འབྱུང་ཁུངས་ཆགས་ཡོད། རྒྱུ་མཚན་ནི་འཚེ་བ་མེད་པའི་ལྟ་གྲུབ་དེ་ལོ་ངོ་སྟོང་ཕྲག་ཕྱིན་པའི་རྒྱ་གར་གྱི་རིག་གཞུང་ཞིག་ཡིན་ཞིང་། འཚེ་བ་མེད་པ་ནི་སྙིང་རྗེའི་རྣམ་འགྱུར་ཡིན། ལག་ལེན་གྱི་རིམ་པར་འཚེ་བ་མེད་པ་དང་། ཀུན་སློང་གི་རིམ་པར་སྙིང་རྗེ་ཆགས་ཡོད། ངོས་ཀྱི་བསམ་པར། རྒྱ་གར་ནང་འདས་པའི་མི་ལོ་ ༣༠༠༠ ལྷག་གི་སྔོན་ནས་ལྟ་གྲུབ་དེ་དག་བྱུང་བ་དང་། དེ་དག་གི་རྐྱེན་པས་དེང་རབས་ཀྱི་རྒྱ་གར་མི་དམངས་ཀྱི་སེམས་ནང་འཚེ་བ་མེད་པའི་ལྟ་བ་གསོན་པོར་གནས་ཐུབ་པ་བྱུང་། དེ་ག་ནང་བཞིན་ཆོས་ལུགས་ལ་མ་བརྟེན་པའི་ལྟ་བའང་གནས་པས། སྙིང་རྗེ་ཞེས་པ་ལོས་ཡོད། འོན་ཀྱང་ད་ལྟ་བར་དུ་སྙིང་རྗེའམ་བྱམས་བརྩེའི་མིང་ཐོགས་པའི་གྲོང་ཁྱེར་གཅིག་ཀྱང་མཐོང་རྒྱུ་མི་འདུག འབྱུང་འགྱུར་སྙིང་རྗེའམ་བྱམས་བརྩེ་སོགས་ཀྱི་མིང་བཏགས་པའི་གྲོང་ཁྱེར་རམ་མཐོ་རིམ་སློབ་གྲྭ་དེ་འདྲ་ཐོན་པའི་རེ་བ་ཡོད། འོན་ཀྱང་ད་ཆ་གཟེངས་སུ་ཐོན་པའི་གཙུག་ལག་སློབ་གྲྭ་འགའ་ཞིག་གིས་ཕན་ཐོགས་ཆེ་ཞིང་དོན་དངོས་དང་མཐུན་པའི་ལས་དོན་སྤེལ་འགོ་བཙུགས་ཟིན་པས་ངོས་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།། །།

ཕྱིར་གོང་དུ་ལོག


 
css templates