website templates free download

Table

བཏང་སྙོམས།
Impartiality

ཉི་མའི་འོད་ཟེར་ཕྱོགས་ཐམས་ཅད་དུ་གཅིག་མཚུངས་སུ་འཕྲོ་བ་བཞིན་དུ། བཏང་སྙོམས་ཀྱི་བློས་ཉེ་དགའ་ཕྱོགས་ལྷུང་གི་རྒྱ་ལས་འདའ་བར་བྱེད་ཅིང་། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་གཞན་གྱི་གཞི་རྩའི་ཐོབ་ཐང་ལ་བརྩི་བཀུར་བྱེད།
Competency seven: Just the sun sends out its warm rays impartially in all directions, as spirit of impartiality allows us to transcend our personal bias and to respect the fundamental right of others to be happy and to be free of suffering.

༧། བཏང་སྙོམས།

སྒྲུང་།

ང་ལ་རྨི་ལམ་ཞིག་ཡོད།

ཨ་རི་ཕོ་བྲང་དཀར་པོ་རུ་ཕྱི་ལོ་ ༡༩༦༣ ཟླ་ ༨ ཚེས་ ༢༨ ཉིན་ཞི་བདེ་གཟེངས་རྟགས་ཐོབ་མཁན་མཁས་དབང་མར་ཊིན་ལུ་ཐར་ཀིང་གཞོན་པ་ (Martin Luther King Jr.) ནས་བཀའ་སློབ། ང་ལ་རྨི་ལམ་ཞིག་ཡོད། ཞེས་པའི་ནང་གཞི་རྩའི་འགྲོ་བ་མི་ཚང་མ་འདྲ་མཉམ་ཡིན་པ་དང་ལེན་བྱས་ནས་ཕྱོགས་རིས་ལས་རྣམ་པར་རྒྱལ་དགོས་ཞེས་འཛམ་གླིང་ཡོངས་ལ་སེམས་འགུལ་ཐེབས་བཅུག་ཡོད།

ཁོང་གིས། གྲོགས་པོ་ཚོ། ངས་ཁྱེད་རང་ཚོར་ཤོད་རྒྱུ་ཞིག་ལ། དེ་རིང་སང་ཉིན་ཞེས་ང་ཚོ་ལ་དཀའ་ངལ་འཕྲད་ཀྱི་ཡོད་ཀྱང་། ང་ལ་ད་དུང་རྨི་ལམ་ཞིག་ཡོད། དེ་ནི་ཨ་རིའི་རྨི་ལམ་ལ་གཏིང་ཟབ་འབྲེལ་བའི་རྨི་ལམ་ཞིག་ཡིན།

ང་ལ་རྨི་ལམ་ཞིག་ཡོད་པ་ནི། ཉིན་ཞིག་རྒྱལ་ཁབ་འདིའི་ཆོས་ལུགས་གྱི་དོན་ངོ་མ་ལས་ལང་ནས་གནས་ཤིང་། ང་ཚོས་དེའི་དོན་ངོ་མ་བཟུང་ནས་མི་ཚང་མ་གཅིག་མཚུངས་བཟོས་ཡོད་པར་བདེན་པ་རང་ངོས་ནས་གྲུབ་དགོས།

ང་ལ་རྨི་ལམ་ཞིག་ཡོད་པ་ནི། ཉིན་ཞིག་ཇོར་ཇི་ཡེའི་(Georgia)རི་དམར་པོ་སྟེང་སྔ་མོའི་བྲན་གཡོག་གི་བུ་དང་། བྲན་གཡོག་བདག་པོའི་བུ་གཉིས་མཉམ་དུ་ཅོག་ཙེ་གཅིག་ལ་མཆེད་གྲོགས་བྱས་ནས་བསྡད་རྒྱུ་དེ་ཡིན།

ང་ལ་རྨི་ལམ་ཞིག་ཡོད་པ་ནི། ཉིན་ཞིག་ངའི་ཕྲུ་གུ་ཆུང་ཆུང་བཞི་པོའི་རང་གཤིས་མ་གཏོགས་ཁ་དོག་སོགས་གང་ལ་ཡང་མི་བལྟ་བའི་རྒྱལ་ཁབ་ཞིག་ལ་གནས་རྒྱུ་དེ་ཡིན།

ང་ལ་རྨི་ལམ་ཞིག་ཡོད་པ་ནི། ཉིན་ཞིག་ཤ་མདོག་ནག་པོའི་བུ་དང་བུ་མོ་ཚོས་ཤ་མདོག་དཀར་པོའི་བུ་དང་བུ་མོའི་མཉམ་དུ་གཅེན་པོ་དང་གཅུང་མོ་ཇི་བཞིན་མཉམ་འབྲེལ་བྱེད་ཐུབ་པའི་རེ་བ་ཡོད།

དེ་རིང་ང་ལ་རྨི་ལམ་ཞིག་ཡོད་པ་ནི། ཌོག་ཊར་ཀིང་དྲག་ཤུལ་ངང་ང་ཚོའི་ཐུན་མོང་གི་འགྲོ་བ་མིའི་རིགས་ཀྱི་འཛམ་གླིང་དེར་ཕྱིའི་པགས་པའི་དབྱེ་བར་མ་ལྟོས་པར། ནན་ཏན་གྱིས་མི་སྒེར་ལ་བདེ་སྐྱིད་དང་བདེ་ཐབས་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་པར་མུ་མཐུད་མཐའ་སྐྱེལ་ཡོང་བ་དང་། ཚང་མ་ལ་ཉེ་རིང་མེད་པའི་གུས་ཞབས་བྱེད་རྒྱུ། མཐའ་ན་ལྡོག་ཕྱོགས་ཀྱི་བསམ་ཚུལ་ཤོད་མཁན་ཡིན་ནའང་འདྲ། དེ་ནི་ཕྱི་ལོ ༡༩༦༠ ཡི་ནང་ལ་མི་སེར་ས་ཡ་མང་པོའི་བློ་སེམས་བདག་ཏུ་བཟུང་བ་དང་། ཨ་རི་ནང་དུས་རབས་འགའི་ནང་མི་རིགས་འཐེན་འཁྱེར་གྱི་ཁྲིམས་མཐུན་མཇུག་རྫོགས་ཆེད་ལྟེ་བ་དེ་ཡིན།

གོ་དོན།

རང་གི་གཉེན་དང་། དགྲ་དང་། བར་མའི་སེམས་ཅན་ལ་དམིགས་ནས་ཉེ་རིང་ཆགས་སྡང་མེད་པར་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པའི་བསམ་བློ་ཞིག་ཡིན།

དཔེ་མཚོན།

ཉི་མའི་འོད་ཟེར་ནི་ཉེ་རིང་མེད་པར་ཕྱོགས་ཐམས་ཅད་ལ་ཁྱབ་པ་བཞིན་ནོ། །

༧གོང་ས་མཆོག་གིས།

ང་ཚོ་འགྲོ་བ་མི་རིགས་གཅིག་གྱུར་ཡིན་པ་དང་། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་མངོན་འདོད་དེ་ངོས་འཛིན་བྱེད་དགོས།

བསམ་བློའི་སྦྱོང་བརྡར།

ང་ཚོས་མཐའ་གཅིག་ཏུ་མི་དགའ་བ་བྱེད་སའི་གང་ཟག་གཅིག་དང་། ཧ་ཅང་དགའ་པོ་བྱེད་སའི་གང་ཟག་གཅིག དེ་གཉིས་གང་ཡང་མིན་པའི་བར་མའི་གང་ཟག་གཅིག་བཅས་གང་ཟག་གསུམ་གྱི་ཐོག་ལ་བསམ་བློ་གཏོང་དགོས།

སེམས་ཅན་འགའ་ཞིག་ལ་ཆགས་ཤིང་། འགའ་ཞིག་ལ་སྡང་བའི་ཉེ་རིང་བྱེད་པ་བཀག་ནས་སེམས་སྙོམས་པར་མ་བསྒྲུབ་ན། བྱམས་པ་དང་བརྩེ་བ་ཡང་ཕྱོགས་རིས་ཅན་སྐྱེ་བ་ལས་ཕྱོགས་རིས་མེད་པའི་བྱམས་བརྩེ་ཚད་ལྡན་ཞིག་མི་སྐྱེ་བས། བྱམས་བརྩེའི་གཞི་རྩ་ནི་བཏང་སྙོམས་ཡིན་པ་ཡང་ཡང་བསམ་དུ་ཆུག

  1. དགྲ་གཉེན་གང་ཡང་མིན་པའི་བར་མ་ཞིག་ལ་ཆགས་སྡང་བྱེད་མི་རུང་བར་བསམ།
  2. གཉེན་ལ་ཆགས་པར་མི་རིགས་པར་བསམ།
  3. དགྲ་ལ་སྡང་བར་མི་རིགས་པར་བསམ།
  4. སེམས་ཅན་ཐམས་ཅད་ལ་བཏང་སྙོམས་སྒོམས།

མདོར་ན། བདག་གིས་སྐྱེ་བོ་འགའ་ཞིག་ལ་ཉེ་བར་བཟུང་ནས་ཆགས་པ་དང་། སྐྱེ་བོ་འགའ་ཞིག་ལ་རིང་བར་བཟུང་ནས་སྡང་བ་བྱེད་མི་རིགས་ཏེ། སེམས་ཅན་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་མཚུངས་པ་མ་ཟད། རང་གི་བདེ་སྡུག་ནི་དགྲ་གཉེན་བར་མ་གསུམ་ཀ་ལ་བརྟེན་ནས་འབྱུང་བ་ལ་ཁྱད་པར་མེད་པའི་ཕྱིར།

དེས་ན། ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་ན་ཅི་མ་རུང་། གནས་པར་བདག་གིས་བྱའོ་སྙམ་དུ་ཡང་ཡང་བསམ་ལ་སྒོམས།

ཉིན་རེའི་ལག་ལེན།

ཉིན་རེའི་འཚོ་བའི་ནང་དུ་ཆགས་སྡང་གི་བསམ་བློ་བཀག་ནས་སེམས་བཏང་སྙོམས་སུ་གནས་པར་བྱ་དགོས། དགོང་མོ་ཉལ་ཁར་ཉིན་དེའི་རིང་ལ་ཆགས་སྡང་ཕྱོགས་རིས་ཀྱི་བསམ་བློ་ཇི་ཙམ་སྐྱེས་ཡོད་མེད་དང་། དེའི་དབང་གིས་དབྱེ་འབྱེད་ཇི་ཙམ་བྱས་ཡོད་མེད། ཆགས་སྡང་སྐྱེ་བ་ལ་མངོན་དུ་ཕྱོགས་སྐབས། བཏང་སྙོམས་ཀྱི་བསམ་བློ་ཐེངས་ཇི་ཙམ་བཏང་ཐུབ་ཡོད་མེད་བཅས། རང་གིས་རང་ལ་ཞིབ་འཇུག་དང་ཐོ་འགོད་བྱས་ཏེ། ཉིན་སྔ་མ་དང་བསྡུར་ནས་ཡར་རྒྱས་སོང་ཡོད་ན་དགའ་བ་སྒོམ། ཡར་རྒྱས་ཕྱིན་མེད་ན་འགྱོད་སེམས་སྐྱེས་ཏེ། སླད་འབད་བརྩོན་ཤུགས་དྲག་པོས་ཡར་རྒྱས་གཏོང་རྒྱུ།

བྱེད་སྒོ།

ཐུན་མོང་དང་ཐུན་མོང་མ་ཡིན་པའི་སོ་སོའི་ཁྱད་ཆོས་ངོས་འཛིན་ཐུབ་པའི་ལམ་ནས་ང་ཚོ་ཚང་མ་འདྲ་མཉམ་ཡིན་པའི་འདུ་ཤེས་སྐྱེས་སུ་འཇུག་རྒྱུའི་བྱེད་སྒོ།

  1. སློབ་ཕྲུག་རྣམས་ཕྱི་ལོགས་ཀྱི་རྩེད་ཐང་དུ་ཁྲིད་པའམ། འཛིན་ཁང་དུ་སྡོད་དུ་བཅུག
  2. དགེ་རྒན་གྱིས་དྲི་བའི་ལམ་ནས་སློབ་ཕྲུག་སོ་སོའི་ཐུན་མོང་དུ་ཡོད་པའི་ཁྱད་ཆོས་དང་། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ངོས་འཛིན་ཆེད་འདྲི་རྩད་བྱེད་དགོས།
  3. འདྲི་རྩད་བྱེད་སྐབས་དྲི་བའི་ནང་དོན་དེ་རང་ཉིད་ལ་ལྡན་ན་མདུན་དུ་ཐོན་པའམ། ལག་པ་ཡར་བཀྱགས་ནས་སློབ་ཕྲུག་ཚང་མར་ཤེས་རྟོགས་ཐུབ་པར་བྱ་དགོས་རྒྱུ།

Back To Top


Showing entries (filtered from total entries)