website templates free download

Table

༄༅། །༧གོང་ས་མཆོག་གི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཐོག་ལས་རིམ་གང་སྤེལ་བའི་སྐོར། །

(ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ནས་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་མཆོག་ལ་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ངོས་ནས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་འདིའི་ཐོག་ལས་རིམ་གང་དང་གང་གནང་མིན་སྐོར་ལ་བཀའ་འདྲི་ཞུས་ལན།)

དྲི་བ། འདི་གའི་རླུང་འཕྲིན་ཁང་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གཙོ་བོ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ལ་དམིགས་བསལ་ཆེད་སྒྲིག་ཞུས་པའི་དེ་རིང་གི་ལས་རིམ་འདིའི་ནང་། ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ཆོས་ལུགས་དང་། ཨེ་ཤ་ཡ་རིག་པའི་ཐོག་སློབ་དཔོན་བགྲེས་པ་དགེ་བཤེས་ལྷ་རམས་པ་བློ་བཟང་བསྟན་འཛིན་ནེ་གི་མཆོག་གདན་འདྲེན་ཞུས་ཡོད། དགེ་བཤེས་ལགས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཐོག་འགན་ཁུར་རྐང་བཞེས་གནང་མཁན་ཞིག་ཆགས་ཡོད་རེད། ངས་དེ་རིང་ལས་རིམ་འདིའི་ཐོག་ནས་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ངོས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཐོག་ལས་རིམ་གང་ཞིག་གནང་ཡོད་མེད་སྐོར་བཀའ་འདྲི་ཞུ་རྒྱུ་ཡིན། ཐོག་མར་རྒན་ལགས་ཀྱི་དུས་ཚོད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དང་ཐོག་འདི་ལོ་ ༢༠༡༧ ཕྱི་ཟླ་ ༡༠ པའི་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ནང་སྒོམ་སྒྲུབ་ཀྱི་ལྟེ་གནས་ཁང་ Center for Contemplative Science and Compassion-Based Ethics གསར་པ་ཞིག་དབུ་འབྱེད་གནང་འདུག་པས་བསྟི་གནས་ཁང་འདིའི་ངོ་སྤྲོད་ཅིག་གནང་རོགས་ཞུ་རྒྱུ་ཡིན།

ལན། ད་ལྟའི་ལས་རིམ་འདིའི་ནང་མཉམ་ཞུགས་བྱུང་བར་དགའ་པོ་བྱུང་བས་ཐུགས་རྗེ་ཆུ་ཞུ་རྒྱུ་ཡིན། ཨེ་མོ་རི་སློབ་གཉེར་ཁང་གི་ངོས་ནས་ལོ་མང་ཞིག་གི་གོང་ནས་བོད་ཀྱི་ཆོས་དང་། རིག་གཞུང་། དེ་བཞིན་༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་རྣམས་གལ་འགངས་ཆེན་པོ་ཞིག་ལ་ངོས་འཛིན་བྱས་ཏེ་ལས་རིམ་མང་པོ་ཞིག་སྤེལ་གྱི་ཡོད་རེད། དམིགས་སུ་བཀར་ནས་སྒོམ་སྒྲུབ་ཀྱི་ཚན་རིག་དང་བྱམས་བརྩེ་གཞིར་བཞག་པའི་བཟང་སྤྱོད་ཀྱི་ལྟེ་གནས་ཁང་གསར་པ་བཙུགས་པ་དེ་ནི་གཙོ་བོ་༧གོང་ས་མཆོག་གི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དེ་སློབ་གཉེར་རང་གི་ཐོག་ནས་སྤེལ་རྒྱུའི་དགོངས་པ་རྒྱ་ཆེན་པོ་བཞེས་ཀྱི་ཡོད་རེད། ཕྱི་ལོ་ ༢༠༡༥ ནས་ཨེ་མོ་རི་མཐོ་སློབ་དང་། བོད་ཀྱི་མཐུན་ཚོགས་ཞེས་པའི་ལས་རིམ་ཞིག་ཡོད་པ་དེའི་ཁོངས་ནས་ཐོག་མའི་སྒྲོམ་གཞི་དང་སློབ་ཚན་རགས་ཟིན་ཞིག་བཟོས་ཏེ། ༧སྐྱབས་མགོན་རིན་པོ་ཆེར་སྤྱན་འབུལ་ཞུས་ནས་ཁ་གསལ་དང་ཇེ་ཟབ་ཏུ་བཏང་སྟེ་ད་ལྟའི་ཆར་སྒྲོམ་གཞི་ཡག་པོ་ཞིག་ཆགས་ཡོད་རེད། སྒྲོམ་གཞི་དེ་གཞིར་བཞག་གིས་གཞི་རིམ་དང་། འབྲིང་རིམ། མཐོ་རིམ་བྱས་ནས་སློབ་ཚན་གསུམ་བསྒྲིག་རྒྱུའི་འཆར་གཞི་ཡོད་རེད། ལྟེ་གནས་དེ་ཕྱི་ཟླ་ ༡༠ ཚེས་ ༡༦ ནས་ ༡༨ བར་ཉིན་གསུམ་གྱི་རིང་༧སྐྱབས་མགོན་རིན་པོ་ཆེ་ཨེ་མོ་རིར་ཆིབས་བསྒྱུར་བསྐྱང་གི་ཡོད་པ་དེ་སྐབས་དབུ་འབྱེད་གནང་རྒྱུ་དང་། སློབ་ཚན་དེ་དག་པར་སྐྲུན་ཞུས་ནས་༧སྐྱབས་མགོན་རིན་པོ་ཆེར་པར་ཕུད་འབུལ་རྒྱུ་དང་། དེ་བཞིན་འཛམ་གླིང་མི་མང་ལ་གསལ་བསྒྲགས་ཞུ་རྒྱུའི་འཆར་གཞི་བཀོད་ཡོད།

དྲི་བ། ༧གོང་ས་མཆོག་གི་དགོངས་གཞི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པ་འདིར་ཨིན་སྐད་ཐོག་ Universal Value, ethics, Social Emotional Learning བཅས་ཐ་སྙད་འདྲ་མིན་མང་པོ་ཞིག་གསུང་གི་འདུག དེ་བཞིན་བྱམས་བརྩེ་གཞི་རྩར་བཞག་པའི་སྒོམ་སྒྲུབ་ཀྱི་ལྟེ་གནས་ཞེས་པ་དེ་ལའང་ཐ་སྙད་ཐོག་དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱི་ཡོད་དམ།

ལན། ཐ་སྙད་འདི་མགོ་རྙོག་པོ་ཞིག་ཆགས་འདུག ༧གོང་ས་མཆོག་གིས་ Secular Ethics ཞེས་པའི་ཐ་སྙད་དེ་བེད་སྤྱོད་གཏོང་གནང་གི་ཡོད་རེད། ༧སྐྱབས་མགོན་རིན་པོ་ཆེས་རྒྱ་གར་གྱི་རྩ་ཁྲིམས་ནང་ཆོས་ལུགས་ཚང་མར་གུས་ཞབས་ཡོད་པ་དང་། ཆོས་ཁས་མི་ལེན་མཁན་ལའང་བརྩི་བཀུར་ཞུ་རྒྱུ། ཡང་ན་བྱམས་པ་དང་སྙིང་རྗེ་གཞིར་བཟུང་གི་བཟང་སྤྱོད་སྤེལ་རྒྱུ་ཞེས་རྒྱ་གར་གྱི་རྩ་ཁྲིམས་ཀྱི་སྒྲ་བཤད་ལྟར་ Secular དེ་ཏག་ཏག་ཆགས་ཡོད་རེད་ཅེས་གསུངས་ཡོད། འོན་ཀྱང་ནུབ་ཕྱོགས་པའི་སྤྱི་ཚོགས་ནང་ Secular ཞེས་པའི་ཐ་སྙད་དེ་ཆོས་ལུགས་དང་འགལ་ཟླའི་རྣམ་པར་ངོས་འཛིན་བྱེད་ཀྱི་ཡོད་ཙང་། ང་ཚོའི་སློབ་སྟོན་པ་མང་པོ་ཞིག་ཡོད་པ་ནས་སྐུ་ཞབས་ Daniel Goleman ལྟ་བུ་ཡིན་ན་ནང་ཆོས་ཡག་པོ་མཁྱེན་པ་ཙམ་མ་ཟད་ཉམས་ལེན་པའང་ཡིན་པ་གང་ཞིག་ལ་༧སྐྱབས་མགོན་རིན་པོ་ཆེའི་དགོངས་པ་བཞེས་ཕྱོགས་རྒྱུས་མངའ་ཡག་པོ་ཡོད་པའི་ནུབ་ཕྱོགས་མཁས་པ་ཆེན་པོ་ཞིག་རེད། ཁོང་གིས་ནུབ་ཕྱོགས་ནང་ Secular Ethics ཞེས་པའི་ཐ་སྙད་དེ་བེད་སྤྱོད་བྱས་པ་ཡིན་ན། སློབ་གྲྭ་ཁག་གི་སློབ་ཚན་ནང་འགོད་རྒྱུ་ཁག་པོ་འབྱུང་ངེས། གང་ལ་ཞེ་ན་ཕ་མ་ཡེ་ཤུའི་ཆོས་ལུགས་ཀྱི་བསམ་བློ་ཤུགས་ཆེན་པོ་ཡོད་མཁན་མང་པོ་ཞིག་ཡོད་དུས། ཆོས་ལུགས་དང་འགལ་ཟླ་འགྲོ་བའི་སློབ་ཚན་ཞིག་འཁྱེར་ཡོང་བ་ཡིན་ན། ཁོང་ཚོའི་ཆོས་ལུགས་ཀྱི་ཡིད་ཆེས་ལ་གནོད་ཀྱི་རེད་སྙམ་པའི་ཐུགས་འཚབ་ཡོང་སྲིད་པ་རེད། དེ་འདྲ་སོང་ཙང་ Secular ཞེས་པའི་ཐ་སྙད་དེ་བེད་སྤྱོད་མ་བཏང་བར། ཡོངས་ཁྱབ་ཀྱི་བཟང་སྤྱོད་ Universal ethics ཅེས་བཀོད་ན་གསུངས་པ་རེད། དེ་བཞིན་ཡོངས་ཁྱབ་ཀྱི་བཟང་སྤྱོད་ Universal ethics ཅེས་བཀོད་ཀྱང་ནུབ་ཕྱོགས་སུ་དཀའ་ངལ་ཞིག་ཡོང་གི་ཡོད་རེད། རིགས་གཅིག་གིས་ཁོར་ཡུག་དང་གནས་སྟངས་གང་ལའང་འཇུག་པོ་དང་། རན་པོ། སྨན་གཅིག་གིས་ནད་གང་ལའང་ཕན་པ་ཡོང་གི་མ་རེད་ཅེས། དེ་ལ་ཕྱི་རྒྱལ་ནང་ལྷམ་གཅིག་གིས་རྐང་པ་ཆེ་ཆུང་ཚང་མར་ཏག་ཏག་རན་པོ་ཞིག་ཡོང་གི་མ་རེད་ཅེས་བཤད་སྲོལ་ཡོད་རེད། སྤྱི་ཚོགས་སོ་སོར་གོམས་གཤིས་ཐ་དད་དང་། ཁམས་དང་མོས་པ་ཐ་དད་ཡོད་པར་བརྟེན་སློབ་ཁྲིད་ཀྱི་བརྗོད་གཞི་གཅིག་གིས་ཁོར་ཡུག་དང་རིག་གཞུང་ཐ་དད་པ་ཚང་མར་རན་པོ་ཡོང་གི་མ་རེད་ཅེས་དེ་ལའང་དགག་བྱ་ཞིག་ཡོད་རེད། དེ་ལྟ་བུའི་དཀའ་ངལ་མང་པོ་ཞིག་འཕྲད་དུས་འོ་ན་རན་ཤོས་དེ་ག་རེ་ཡོད་མེད་མི་མང་པོ་ཞིག་དང་གོ་བསྡུར་བྱེད་པའི་མཐའ་མ་དེར་བྱམས་བརྩེ་གཞིར་བཞག་གི་བཟང་སྤྱོད་ (Compassion-based ethics) ཅེས་གྲོས་བསྡུར་བྱུང་ཡོད། ༧གོང་ས་མཆོག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་གཞི་རྟེན་དེ་བྱམས་པ་དང་སྙིང་རྗེ་ཡིན་གསུང་གི་ཡོད་པ་དང་། ཁོང་གིས་ལྗགས་རྩོམ་གནང་བའི་ཕྱག་དེབ་ཁག་གི་ནང་དུའང་བྱམས་བརྩེ་དེ་གཞི་རྟེན་ལྟ་བུ་ཡིན་ཞེས་བཀའ་གནང་གི་ཡོད་རེད། དེ་སྐོར་༧གོང་ས་མཆོག་ལ་སྙན་སེང་ཞུ་སྐབས་ཁོང་གིས་ཀྱང་དེ་ཡག་པོ་འདུག་ཅེས་བཀའ་འཁྲོལ་བྱུང་བ་ལྟར། དེང་སང་ང་ཚོས་བྱམས་བརྩེ་གཞིར་བཞག་གི་བཟང་སྤྱོད་ཅེས་བརྗོད་ཀྱི་ཡོད་པའི་ཆ་ནས་སྒོམ་སྒྲུབ་ལྟེ་གནས་ཀྱི་མིང་གི་ཆ་ཤས་སུའང་དེ་ལྟར་ཐོགས་པ་རེད། ཕྱོགས་གཅིག་ནས་བྱམས་བརྩེ་གཞིར་བཞག་གི་བཟང་སྤྱོད་འདིར་ཚན་རིག་གི་རྒྱབ་རྟེན་ཡོད་པ་ཞིག་དགོས་ཙང་། ནང་གི་བཟང་པོའི་ཡོན་ཏན་ཐོག་ཉམས་ཞིབ་བྱེད་མཁན་གྱི་སྡེ་ཚན་དེ་སྒོམ་སྒྲུབ་ཀྱི་ཚན་རིག་ contemplative དེ་ཆགས་དུས། སྒོམ་གྲུབ་ཚན་རིག་དང་བྱམས་བརྩེ་གཞིར་བཞག་གི་བཟང་སྤྱོད་ཀྱི་ལྟེ་གནས་ཞེས་མིང་བཏགས་པ་རེད།

དྲི་བ། མཁས་པ་ཚོས་ལྟེ་གནས་ཁང་འདིའི་བསླབ་གཞི་གཏན་འབེབས་དང་འབྲེལ་བའི་ཐོག་ Social Emotional Learning (SEL) 2.4 ཞེས་ངོས་འཛིན་གནང་གི་ཡོད་པ་དང་། དེ་སྔ་ཡོད་པ་དེ་དུས་ཚོད་ཀྱི་འགྱུར་བ་དང་གཞིགས་ཏེ་ཁ་སྐོང་གནང་གི་ཡོད་པ་འདྲ། དེ་ལ་གསར་པ་གང་ཞིག་ཁ་སྣོན་གནང་ཡོད་དམ།

ལན། དྲི་བ་འདི་རྒྱ་ཆེན་པོ་ཞིག་རེད་འདུག དེ་སྐོར་རོབ་ཙམ་ཞུས་པ་ཡིན་ན། ༧གོང་ས་མཆོག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་ཚན་བསྐྲུན་རྒྱུ་དང་། དེ་ཤེས་ཡོན་གྱི་ལམ་ནས་འཁྲིད་རྒྱུའི་དགོངས་པ་བཞེས་ཀྱི་ཡོད་རེད། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བརྗོད་གཞི་གཙོ་བོ་ནང་གི་སེམས་འདུལ་བའི་ཐོག་ནས་བྱམས་པ་དང་སྙིང་རྗེ་སོགས་གཞི་རྩར་བཞག་སྟེ་ཡོང་དགོས་པ་ཞིག་ཆགས་ཡོད། དཔེར་ན། ནུབ་ཕྱོགས་ལ་ཆ་བཞག་པ་ཡིན་ན། དེ་རིང་ཁ་སང་ཤེས་ཡོན་གྱི་ནང་སྲོལ་རྒྱུན་གྱི་སློབ་སྦྱོང་སྤྲོད་རྒྱུ་ཨང་རྩིས་ལ་སོགས་པ་རྒྱུགས་སྤྲོད་བཏང་ནས་ཨང་ཀི་མཐོ་དམན་ཙམ་མིན་པར། རྩ་བའི་མིའི་བཟང་པོའི་ཁྱད་ཆོས་བྱམས་པ་དང་། སྙིང་རྗེ། དེ་བཞིན་སྤྱོད་ལམ་ཡག་པོ་དགོས་པ་དེ་ཚོ་གལ་ཆེན་པོ་ཡིན་པ་ངོས་འཛིན་བྱས་ནས། སློབ་སྦྱོང་ནང་སྡེ་ཚན་དེ་རྒྱ་ཆེན་པོ་འགྲོ་ཡི་ཡོད་རེད། དེའི་མིང་ལ་ Social Emotional Learning Social ཟེར་དུས་ཚོགས་སྤྱོད་དང་། Emotional ཞེས་པ་མྱོང་ཚོར་རམ་སེམས་མྱོང་གི་བསླབ་གཞི་ཞེས་ཨ་རི་དང་ཡུ་རོབ་བཅས་པར་རྒྱ་ཆེན་པོ་འགྲོ་བསྡད་ཡོད་རེད། སློབ་ཚན་དེ་ཡོད་མཁན་ཧ་ལམ་སློབ་གྲྭ་སྟོང་ཕྲག་བརྒལ་བ་ཡོད་རེད། སློབ་ཚན་ལ་ཆ་མཚོན་ན་ཁོ་རང་ཚོའི་སྒྲོམ་གཞི་ཞིག་ཡོད་རེད། སྒྲོམ་གཞི་གཞིར་བཞག་གི་སློབ་ཚན་འདྲ་མིན་བཅོ་ལྔ་ཉི་ཤུའི་ཚད་ཀྱི་ཡོད་ཀྱི་མ་རེད། ༧གོང་ས་མཆོག་གི་དགོངས་གཞི་གཞིར་བཟུང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སྒྲོམ་གཞི་དང་། སློབ་ཚན་དེ་ཚོ་ཕྱོགས་མང་པོ་ནས་ཚོགས་སྤྱོད་ Social Emotional Learning དང་། སེམས་མྱོང་གི་བསླབ་གཞིའི་བརྗོད་གཞི་ཐུན་མོང་བ་མང་པོ་ཞིག་ཡོད་རེད་དེ། ང་ཚོས་༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་གཞིར་བཟུང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་ཚན་དེའི་ཐ་སྙད་གསར་པ་ཚོགས་སྤྱོད་དང་སེམས་མྱོང་བཟང་སྤྱོད་སྤྱོད་ཚུལ་གྱི་བསླབ་གཞི་ Social Emotional Ethical Learning ཞེས་བེད་སྤྱོད་གཏོང་གནང་གི་ཡོད་རེད། དེ་རྩ་བའི་བརྗོད་བྱ་ཐུན་མོང་བ་ཡོད་པ་གང་ཞིག་ལ་དེའི་སྒང་ལ་འཕར་མ་མང་དག་ཅིག་སླེབས་ཡོང་གི་ཡོད་རེད། དཔེར་ན་རྣམ་གཡེང་ཉུང་དུ་བཏང་ནས་སེམས་རྩེ་གཅིག་པ་ Attention training སྟེ། ཕྱི་ལ་དམིགས་པ་མ་ཡིན་པར་ནང་གི་སོ་སོའི་མྱོང་ཚོར་དེ་ཚོར་ངོས་འཛིན་ཡོང་རྒྱུའི་ཆེད་དྲན་པ་དང་ཤེས་བཞིན་ལྟ་བུ། དེ་འདྲའི་ལམ་ལུགས་དེ་ཚོ་གལ་ཆེན་ཡིན་པ་ཁོང་ཚོས་ཀྱང་མཐོང་གི་ཡོད་རེད། ང་ཚོའི་སློབ་ཚན་གྱི་ནང་དུའང་དྲན་པ་དང་ཤེས་བཞིན་སྦྱངས་པ་ལ་བརྟེན་ནས་སེམས་རྩེ་གཅིག་པ་ཡག་པོ་ཡོང་ཐབས་དང་། དྲན་པ་དང་ཤེས་བཞིན་གྱིས་སྤྱོད་ལམ་བཟང་པོ་ཡོང་རྒྱུར་གལ་ཆེན་པོ་ཞེ་དྲག་ཆགས་ཀྱི་ཡོད་རེད། གཉིས་པ་དེར་བྱམས་པ་དང་བརྩེ་བ། བྱམས་བརྩེ་ལྟ་བུར་མཚོན་པ་ཡིན་ན། རེ་ཟུང་གིས་བསླབ་གཞིའི་ནང་ Social Emotional Learning བཤད་ཀྱི་ཡོད་རེད་དེ། བྱམས་བརྩེ་སྒྲུབ་རྒྱུ་དེ་གསལ་པོ་ཞིག་ཕལ་ཆེར་མེད་པ་འདྲ། ངས་གོང་ཞུས་བཞིན་མཁས་དབང་ཌེ་ནིཡལ་ གོལ་མཱན་ (Daniel Goleman) ལགས་ཀྱིས་གསུང་དུས་སློབ་ཚན་ Social Emotional Learning དེ་ཚོའི་ནང་འཕར་མ་གཅིག་དྲན་པ་དང་ཤེས་བཞིན་གོང་སྤེལ་དུ་གཏོང་རྒྱུའི་ཐབས་ལམ། བྱམས་བརྩེའི་སྦྱོང་བརྡར་དེ་གཉིས་མེད་ཙང་དགོས་ཀྱི་འདུག་ཅེས་དང་། གསུམ་པ་དེར་དྲན་པ་དང་ཤེས་བཞིན་གྱི་ཐོག་ནས་སོ་སོའི་སེམས་རྒྱུད་འདུལ་རྒྱུ་དང་། སྤྱོད་ཚུལ་བཟང་དུ་གཏོང་རྒྱུ་དེ་ཚོ་དམིགས་བསལ་སློབ་ཚན་དེ་ཚོའི་ནང་གསལ་གྱི་མེད་པ་འདྲ། ང་ཚོའི་སློབ་ཚན་ནང་དྲན་ཤེས་དང་བྱམས་བརྩེའི་ཐོག་ནས་ཉིན་རེའི་སྤྱོད་ལམ་ལ་འགྱུར་བ་གཏོང་རྒྱུ་དེ་ཚུད་ཡོད་ཙང་དེ་གསུམ་འཕར་མ་ལྟ་བུ་ཆགས་ཡོད་རེད། མཁས་དབང་ ཌེ་ནིཡལ་ གོལ་མཱན་གྱིས་ང་ཚོའི་སློབ་ཚན་དེ་ SEL ལས་རིམ་གཉིས་པར་ངོས་འཛིན་བྱེད་ཆོག་ངེས་ཞེས་གསུང་གི་ཡོད་རེད། དེ་ཙམ་མ་ཟད་ Linda Lantieri ཞུ་བའི་ཨ་མ་ལགས་ཤིག་ཡོད་རེད། ཁོང་ནི་ Social Emotional Learning ཁོར་ཡུག་འདིའི་ནང་སྐད་གྲགས་ཆེན་པོ་དང་གཙོ་བོ་ཞིག་ཆགས་ཡོད། ཕལ་ཆེར་ཐོག་མར་སྲོལ་གཏོད་མཁན་ནང་ Daniel Goleman, Mark Greenberg, Linda Lantieri ཁོང་ཚོ་ཁ་ཤས་ཡོད་རེད། ལྷག་པར་དུ་ Linda Lantieri ཞུ་བའི་ཨ་མ་ལགས་དེ་ཆུང་དུས་ནས་དགེ་རྒན་གནང་སྟེ་ཡོང་བར་བརྟེན་ཉམས་མྱོང་གིས་ཁེངས་ཡོད་རེད། དེ་རིང་སང་ཉིན་སློབ་ཚན་དེ་ཚོའི་ནང་ཆ་འཇོག་ཚད་འཛིན་བྱེད་དགོས་ས་གཙོ་བོ་ཁོང་དང་ཁོང་གི་ཕྱག་དེབ་དེ་ཚོ་རེད། ཁོང་གིས་ང་ཚོའི་ལས་རིམ་འདིར་མཉམ་ཞུགས་གནང་སྟེ་ང་ཚོའི་སྒྲོམ་གཞི་དེ་ཧ་ཅང་གཏིང་ཟབ་པོ་དང་རྒྱ་ཆེན་པོ་ཆ་ཚང་ཞིང་ཡག་པོ་ཞེ་དྲག་འདུག་ཅེས་གསུང་གི་འདུག ད་ལྟའི་ཆར་ཡོད་པའི་ SEL སློབ་ཚན་མང་པོ་ཞིག་དང་། དེ་ཙམ་མ་ཟད་དྲན་པ་ཉེར་བཞག་ (mindfulness) གཞིར་བཞག་པའི་སློབ་ཚན་གང་འཚམས་ཤིག་ཡོད་ཀྱང་དེ་ཚོའི་ནང་ང་ཚོ་ནང་བཞིན་སྒྲོམ་གཞི་གཏིང་ཟབ་པོ་དང་ཆ་ཚང་བ་དེ་འདྲ་མི་འདུག་ཅེས་སེམས་ཤུགས་སྤར་ནས་གསུང་གི་འདུག ༧གོང་ས་མཆོག་ལའང་མཐའ་གཅིག་ཏུ་བརྩི་བཀུར་གནང་མཁན་ཞིག་ཡིན་པ་དེ་འདྲའི་ཐོག་ནས་ཨ་མ་ལགས་ཁོང་ལས་རིམ་འདིར་མཉམ་ཞུགས་གནང་གི་ཡོད་རེད།

དྲི་བ། ༧གོང་ས་༧སྐྱབས་མགོན་ཆེན་པོས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གཞི་རྩར་བཞག་པའི་བྱམས་བརྩེའི་སྒོམ་སྒྲུབ་ལྟེ་གནས་འདི་དབུ་འབྱེད་གནང་རྗེས། དགེ་རྒན་དང་། སློབ་ཕྲུག་རྣམས་གང་འདྲ་བྱས་ནས་འདེམས་སྒྲུག་གནང་རྩིས་ཡོད་པ་དེ་འདྲའི་ལས་རིམ་སྐོར་ལ་ངོ་སྤྲོད་ཅིག་གནང་རོགས།

ལན། སྒྲོམ་གཞི་བསྒྲིགས་ཟིན་པ་མ་ཟད་སྒྲོམ་གཞི་གཞིར་བཟུང་སློབ་ཚན་རིམ་པ་ཁག་གསུམ་བཟོ་བཞིན་པ་རེད། གཞི་རིམ་དང་། འབྲིང་རིམ། མཐོ་རིམ་དེ་ཚོའི་བརྗོད་བྱ་རྣམས་ཕྱི་ཟླ་ ༧ པའི་ནང་གཏན་འཁེལ་གྱི་ཡོད་ཙང་ང་ཚོས་སློབ་གྲྭ་ཁག་ཁ་ཤས་ཀྱི་དགེ་རྒན་ཚོར་སྦྱོང་བརྡར་སྤྲད་རྗེས་ཚོད་བལྟའི་ཚུལ་དུ་ feasibility study ཕྱི་ཟླ་ ༩།༡༠ ཙམ་ལ་དགེ་རྒན་ཚོས་སློབ་གྲྭ་ཁག་ནང་སློབ་ཁྲིད་རན་མིན་ཞིབ་འཇུག་གནང་རྒྱུ་རེད། ༧སྐྱབས་མགོན་རིན་པོ་ཆེ་ཕྱི་ཟླ་ ༡༠ ནང་ཆིབས་བསྒྱུར་གནང་གི་ཡོད་པ་དང་བསྟུན་ནས་ལྟེ་གནས་ཁང་གི་དབུ་འབྱེད་གནང་རྒྱུ་རེད། དབུ་འབྱེད་སྐབས་༧སྐྱབས་མགོན་རིན་པོ་ཆེ་དབུ་བཞུགས་ཐོག་ལས་རིམ་ཁ་ཤས་ཡོད་རེད། སློབ་གྲྭ་ཁག་ལ་ལག་བསྟར་གནང་རྒྱུར་ཏོག་ཙམ་འགོར་གྱི་རེད། སློབ་ཚན་བཟོས་པ་དེ་ཕར་བསླབས་རྗེས་ཁོང་ཚོའི་སློབ་སྦྱོང་ཡར་རྒྱས་འགྲོ་མིན་དང་། སྤྱོད་པ་བཟང་དུ་འགྲོ་བ་དང་སྤྱོད་པ་ངན་པ་མར་ཆག་རྒྱུར་ཕན་མིན། དེ་བཞིན་ཁོང་ཚོའི་སེམས་ཀྱི་དཀའ་ངལ་ཉུང་དུ་འགྲོ་རྒྱུར་ཕན་མིན་ལ་སོགས་པར་གྲུབ་འབྲས་གང་འདྲ་ཐོན་མིན་བཅས་ལ་ཉམས་ཞིབ་བྱེད་དགོས་པར་བརྟེན། ཚང་མར་ལག་པ་འཆང་ན་སྙོབ་ཐབས་མེད་པས་ད་ལྟའི་ཆར་སློབ་གྲྭ་ཁག་ཁ་ཤས་ཤིག་བདམས་ཡོད་རེད། དཔེར་ན། ཨ་རིར་ཆ་བཞག་ན། Atlanta དང་། Emory གཙུག་ལག་སློབ་གཉེར་ཁང་ཡོད་སའི་གྲོང་ཁྱེར། དེ་བཞིན་ Colorado མངའ་སྡེའི་ནང་སློབ་གྲྭ་གཅིག་གཉིས་ཤིག་ཡོད་རེད། ཨ་རིའི་མངའ་སྡེ་ Illinois ནང་གི་གྲོང་ཁྱེར་ Belle Prairie ནང་སློབ་གྲྭ་གཅིག རྒྱ་གར་ནང་སློབ་གྲྭ་ཁག་ཁ་ཤས། དེ་བཞིན་ཁེ་ན་ཌའི་ནང་སློབ་གྲྭ་ཁག་ཁ་ཤས་ཤིག་བཅས་ཐོག་མའི་ཚོད་བལྟ་དེ་ས་གནས་ཁག་ལྔ་ཙམ་ནང་གནང་གི་ཡོད་རེད།

དྲི་བ། ༧སྐྱབས་མགོན་རིན་པོ་ཆེས་དབུ་འབྱེད་གནང་ལ་ཉེ་བའི་ལྟེ་གནས་ཁང་འདི་དང་། གདན་ས་ཁག་ལ་ཚན་རིག་སློབ་སྦྱོང་གནང་བ་འདིའི་དབར་འབྲེལ་བ་གང་གཟིགས་གནང་གི་ཡོད་དམ།

ལན། འདིའི་དབར་འབྲེལ་བ་རྒྱ་ཆེ་ས་ནས་གཟིགས་པ་ཡིན་ན། སྒོམ་སྒྲུབ་ཚན་རིག་དང་བྱམས་བརྩེ་གཞི་རྩར་བཞག་པའི་བཟང་སྤྱོད་ཀྱི་ལྟེ་གནས་ཁང་གི་ལས་འགན་གཙོ་བོ་ཤེས་ཡོན་གྱི་ལམ་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དེ་སྤེལ་རྒྱུ་ཡིན་པ་རེད། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྤེལ་ཞེས་པ་གཙོ་བོ་ཤེས་ཡོན་དེ་ཕྱུག་ཏུའམ་གོང་སྤེལ་གཏོང་རྒྱུར་བྱམས་བརྩེ་ལ་སོགས་པའི་ནང་གི་སེམས་རྒྱུད་འདུལ་རྒྱུའི་ཐབས་ལམ་དེ་ཚོ་རེད། ང་ཚོ་ནང་པའི་དགེ་འདུན་པར་ཆ་བཞག་ན། རིག་གཞུང་ཕྱུག་པོ་ཡོད་པ་དེ་ཚོའི་ཐོག་སློབ་སྦྱོང་གཏིང་ཟབ་དང་གསན་བསམ་དཔྱིས་ཕྱིན་པ་གནང་རྒྱུའི་གོ་སྐབས་ཡག་པོ་ཡོད་རེད། དགེ་འདུན་པ་ཚོས་དེ་རིང་ཁ་སང་ཚན་རིག་གི་གནས་སྟངས་དང་། ཉམས་ཞིབ་གནང་རྒྱུའི་ཐབས་ལམ་དེ་ཚོ་ཡང་མཁྱེན་པ་ཡིན་ན། ཚན་རིག་པ་དང་མཉམ་འབྲེལ་གྱི་ཐོག་ནས་ནང་གི་བཟང་པོའི་ཡོན་ཏན་དེ་ཚོ་ངོས་འཛིན་གནང་རྒྱུ་དང་། གོང་སྤེལ་གཏོང་རྒྱུ། དེ་དང་འབྲེལ་ནས་ལུས་སེམས་ཀྱི་བདེ་སྐྱིད་ཆེད་ཕན་ཐོགས་དང་། མི་གཞན་དང་འབྲེལ་བ་ཇེ་བཟང་དུ་གཏོང་རྒྱུ་བཅས་ཚང་མར་ཟུང་འབྲེལ་གྱིས་ཉམས་ཞིབ་གནང་རྒྱུར་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམ་གྱི་འདུག དེ་འདྲ་སོང་ཙང་དགེ་འདུན་པ་ཚོས་ཚན་རིག་སློབ་གཉེར་གནང་བ་ཡིན་ན། མ་འོངས་པར་ནང་གི་བཟང་པོའི་ཡོན་ཏན་དེ་ཚོ་གོང་སྤེལ་གཏོང་རྒྱུར་ཕན་ཐོགས་ཆེན་པོ་ཞིག་ཆགས་ཀྱི་ཡོད་རེད། བསྟི་གནས་ཁང་གི་ལས་འགན་གཙོ་བོ་དེ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གོང་སྤེལ་གཏོང་རྒྱུའམ། ནང་གི་སེམས་རྒྱུད་ཀྱི་ཡོན་ཏན་བཟང་པོ་དེ་ཚོ་གོང་སྤེལ་དུ་གཏོང་རྒྱུ་ཆགས་ཀྱི་ཡོད་རེད།

དྲི་བ། ཚན་རིག་ལས་འཆར་གྱི་གོམ་པ་དང་པོ་དེ་ཕྱི་ལོ་ ༢༠༠༨ ནས་ ༢༠༡༣ བར་ས་རཱ་བོད་ཀྱི་མཐོ་རིམ་རིག་གནས་སློབ་གཉེར་ཁང་དུ་ཆོས་ལུགས་རིས་མེད་ཀྱི་དགེ་འདུན་པ་ཚོར་ཕུལ་འདུག དངོས་གཞི་ལག་བསྟར་དེ་ ༢༠༡༤ ནས་ལོ་དྲུག་གི་སློབ་ཚན་གཏན་འབེབས་ཐོག་ནས་གནང་འདུག དེའི་ནང་གདན་ས་ཁག་གསུམ་དང་། འདི་ལོ་ནས་བཙུན་མ་རྣམ་པ་ཚོར་མཉམ་ཞུགས་ཀྱི་གོ་སྐབས་གནང་གི་ཡོད་འདུག ད་བར་དགོན་པ་གྲྭ་ཚང་གི་དགེ་འདུན་པ་ཇི་ཙམ་ལ་ཚན་རིག་གི་ཟབ་སྦྱོང་ཐོབ་ཡོད་དམ། དེའི་གྲུབ་འབྲས་ཐོག་ཐུགས་ཞིབ་གང་འདྲ་བྱུང་ཡོད་དམ།

ལན། ཁྱེད་རང་གིས་གསུངས་པ་བཞིན་ཕྱི་ལོ་ ༢༠༠༨-༢༠༡༣ བར་སློབ་ཚན་བཟོས་པ་དང་ཆབས་ཅིག་ཚོད་བལྟའི་ཚུལ་དུ་ཕལ་ཆེར་དགོན་སྡེ་ཉི་ཤུ་རྩ་གཉིས་ཙམ་ནས་དགེ་འདུན་པ་དགུ་བཅུ་གོ་གཅིག་དྷརྨ་ས་ལར་གདན་འདྲེན་ཞུས་ཏེ་ལོ་རེར་བདུན་ཕྲག་དྲུག་རེའི་ཟབ་སྦྱོང་ཕུལ་ཡོད་རེད། ༢༠༡༤ ནས་ལོ་དྲུག་གི་སློབ་ཚན་བཟོས་པ་དེ་དག་དགོན་སྡེ་ཁག་གི་སློབ་ཚན་ནང་དངོས་གཞིའི་ལག་བསྟར་གནང་འགོ་བཙུགས་པ་རེད། འདི་ལོ་ལོ་བཞི་པ་ཡིན་པ་དང་། དེ་རིང་ཁ་སང་ཆ་བཞག་ན་བདུན་ཕྲག་དྲུག་གི་དབྱར་ཁའི་ཟབ་སྦྱོང་དེ་འཚོག་བཞིན་པ་རེད། དེ་ལ་མཚོན་ན་འབྲས་སྤུངས་དང་། སེ་ར། དགའ་ལྡན་བཅས་ས་གནས་ཁག་གསུམ་ལ་དུས་གཅིག་ཏུ་འཚོག་པ་མ་ཟད་འཛིན་གྲྭ་བཞི་རེ་ཡོད། གདན་ས་གསུམ་ག་བསྡོམས་པ་ཡིན་ན་མཉམ་ཞུགས་གནང་མཁན་དགེ་འདུན་པ་ཆིག་སྟོང་བརྒལ་བ་འདུག འབྲས་སྤུངས་གཅིག་པུ་ནས་འདི་ལོ་མཉམ་ཞུགས་གནང་མཁན་སུམ་བརྒྱ་དགུ་བཅུ་འདུག དེ་བཞིན་སེ་ར་དང་དགའ་ལྡན་ནས་ཡོད་རེད། དེ་སྔ་ཡིན་ན་གདན་ས་གསུམ་ལ་མ་གཏོགས་སློབ་ཚན་དངོས་གཞི་ལག་བསྟར་བྱེད་རྒྱུ་བྱུང་མེད། འདི་ལོ་ནས་བཙུན་མའི་དགོན་སྡེ་ཁག་ལྔ་ལ་མཉམ་ཞུགས་ཀྱི་གོ་སྐབས་ཕུལ་བ་ལྟར་ད་ལྟ་བདུན་ཕྲག་དྲུག་གི་ཟབ་སྦྱོང་འགྲོ་བཞིན་པ་རེད།

དྲི་བ། ད་ལྟའི་ཆར་ཚན་རིག་གི་ལས་འཆར་དང་། ཨེ་མོ་རི་བོད་ཀྱི་མཐུན་ཚོགས་ཀྱི་འགན་འཛིན་རྒན་ལགས་ཀྱི་གནང་གི་ཡོད་དུས། ད་བར་དགེ་འདུན་པ་ཚོར་ཚན་རིག་གི་ཟབ་སྦྱོང་དེའི་ཐོག་གྲུབ་འབྲས་གང་འདྲ་བྱུང་ཡོད་དམ།

ལན། ད་ལྟའི་ཆར་དགེ་འདུན་པ་ཚོས་དེང་དུས་ཀྱི་ཚན་རིག་སྦྱངས་པའི་འབྲས་བུར་ཆ་བཞག་ན། ན་ནིང་ཕྱི་ཟླ་ ༡༢ པའི་ནང་དཔལ་ལྡན་འབྲས་སྤུངས་དགོན་པར་ཚན་རིག་དང་ནང་ཆོས་དབར་བགྲོ་གླེང་ཆེན་པོ་ཞིག་འཚོགས་ཡོད། དེ་ལ་མཚོན་ན། དགེ་འདུན་པ་ཚོས་ཚན་རིག་པ་སྙན་གྲགས་ཅན་དང་སྡིངས་ཆ་གཅིག་ཏུ་བརྗོད་གཞི་གཅིག་གི་ཐོག་གཏམ་བཤད་དང་། ལྗགས་རྩོམ། དེ་བཞིན་བགྲོ་གླེང་ལྷུག་པོ་གནང་བ་རེད། དེ་ནི་གྲུབ་འབྲས་ཞེ་དྲག་ཆེན་པོ་རེད་བསམ་གྱི་འདུག དེ་ནི་རིམ་པ་དང་པོ་ལྟ་བུ་ཆགས་ཀྱི་ཡོད་རེད། མ་འོངས་པར་དགེ་འདུན་པ་ཚོས་ཚན་རིག་པའི་གནས་སྟངས་དང་དཔྱད་པ་བྱེད་རྒྱུའི་ཐབས་ལམ་དེ་ཚོ་མཁྱེན་པ་ཡིན་ན། ཚན་རིག་པ་དང་མཉམ་སྦྲེལ་གྱིས་ཤེས་བྱ་ཡོན་ཏན་གོང་མཐོར་བཏང་ནས། འགྲོ་བ་མིའི་སྤྱི་ཚོགས་ལ་ཕན་ཐོགས་རྒྱ་ཆེན་པོ་ཡོང་རྒྱུ་དེ་ཚོ་༧སྐྱབས་མགོན་རིན་པོ་ཆེའི་དགོངས་པར་ཡོད་པ་ལྟར་ཕུགས་རྒྱང་རིང་པོའི་དམིགས་ཡུལ་ཞིག་ཡིན་ས་རེད།

དྲི་བ། ད་ལྟ་གོང་དུ་སློབ་ཚན་དང་འབྲེལ་བ་ཡོད་སྐོར་གསུངས་པ་རེད། དགེ་བཤེས་ལགས་༧གོང་ས་མཆོག་དང་ལྷན་དུ་ཚན་རིག་པ་མང་པོའི་ལས་རིམ་ནང་མཉམ་ཞུགས་གནང་ཡོད་པས། ཚན་རིག་པ་ཚོས་དེའི་ཐོག་གཟིགས་ཚུལ་གང་འདྲ་ཡོད་མེད་ཐོག་གཅིག་གཉིས་ཤིག་གསུང་རོགས་གནང་།

ལན། ཚན་རིག་པ་འདྲ་མིན་ཡོད་ཀྱང་སློབ་གཉེར་ཐོག་ཉམས་ཞིབ་གནང་མཁན། དཔེར་ན། Kimberly Schonert Reichl ཞུ་བའི་ཚན་རིག་པའི་ཨ་ཅག་ལགས་གཅིག་ཡོད་རེད། ཁོང་གིས་༧སྐྱབས་མགོན་རིན་པོ་ཆེའི་ལྷན་དུའང་བགྲོ་གླེང་མང་པོའི་ནང་མཉམ་ཞུགས་གནང་ཡོད། ཁོང་ལ་ཆ་བཞག་ན་ནང་གི་སེམས་རྒྱུད་འདུལ་རྒྱུའི་རྩལ་ (Social Emotional skill) དཔེར་ན་དྲན་པ་དང་ཤེས་བཞིན་ལྟ་བུ་དང་། བྱམས་བརྩེ་དེ་ཚོར་ཉམས་ཞིབ་ཏོག་ཙམ་གནང་ཡོད་རེད། ཕལ་ཆེར་ཉམས་ཞིབ་གནང་ནས་ལོ་སུམ་ཅུ་ཙམ་ཕྱིན་ཡོད་རེད། ད་ལྟའི་ཆར་ཚན་རིག་གི་ནང་སྡེ་ཚན་འདིའི་ཐོག་ཁོང་མཚན་སྙན་གྲགས་ཆེ་ཤོས་ཤིག་ཆགས་ཡོད་རེད། ན་ནིང་ཕྱི་ཟླ་ ༡༢ པའི་ནང་འབྲས་སྤུངས་སུ་ནང་ཆོས་དང་ཚན་རིག་གི་བགྲོ་གླེང་ཆེན་པོ་དེའི་ནང་ཁོང་ཕེབས་སྐབས། དེ་རིང་ཁ་སང་གི་སློབ་གྲྭའི་སློབ་ཚན་དེ་ཚོའི་ནང་བཟང་སྤྱོད་སྤེལ་རྒྱུ་དང་འབྲེལ་བའི་བརྗོད་གཞི་འདི་ཚོ་དགོད་རྒྱུ་ཚན་རིག་གིས་ཉམས་ཞིབ་བརྒྱུད་ཧ་ཅང་གལ་ཆེན་པོ་འདུག་ཅེས་གསུངས་ཡོད། ང་ཚོའི་ལས་རིམ་དེ་ཚོའི་ནང་ཁོང་མཉམ་ཞུགས་གནང་བ་མ་ཟད། ཁོང་དང་ལྷན་དུ་ལོ་བཅུ་ལྷག་ཙམ་ཉམས་ཞིབ་གནང་སྟེ་ཕེབས་མཁན་ཕྱག་རོགས་བཞི་ཡོད་པ་ཁོང་ཚོ་ཡང་མཉམ་ཞུགས་གནང་ཡོད། ང་ཚོའི་སློབ་ཚན་རྣམས་ཚན་རིག་གི་ཐོག་ནས་རྒྱབ་རྟེན་ཡོད་པ་ཞིག་བཟོ་དགོས་པ་དང་། ཁོང་རྣམ་པས་ཉམས་ཞིབ་མང་པོ་གནང་བར་བརྟེན། ང་ཚོར་སློབ་ཚན་སྒྲིག་རྒྱུར་ལམ་སྟོན་གྱིས་མཚོན་པའི་ལས་རིམ་འདིར་ཕྱག་ལས་མཉམ་དུ་གནང་མུས་རེད།

དྲི་བ། ཚན་རིག་གི་ཟབ་སྦྱོང་ཐོབ་མཁན་དགེ་འདུན་པ་ཙམ་མ་ཟད། འདི་ལོ་ནས་བཙུན་མ་ཚོར་ཡང་གོ་སྐབས་ཐོབ་ཀྱི་ཡོད་རེད། ཟབ་སྦྱོང་འདི་གཞི་རྐང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཟིགས་རྒྱང་རིང་པོར་དགོངས་པ་བཞེས་ཡོད་པ་ཞིག་ཡིན་པ་ང་ཚོས་ཤུགས་མ་ཐུབ་ཤེས་རྟོགས་ཡོང་གི་འདུག ཟབ་སྦྱོང་ཐོབ་མཁན་གྲྭ་བཙུན་རྣམ་པས་༧གོང་ས་མཆོག་གི་དགོངས་གཞི་འདིའི་ཐོག་འགན་གང་ཞིག་བཞེས་ཡོད་དམ། ཡང་ན་འགན་གང་ཞིག་བཞེས་དགོས་སམ། དེ་དང་ཕྱོགས་མཚུངས་ད་ལྟའི་ཆར་ཚན་རིག་གི་ཟབ་སྦྱོང་དེ་རབ་བྱུང་ཚོར་གནང་ཡོད་པ་བཞིན་སྐྱ་བོ་ཚོར་ཡང་དེ་འདྲའི་གོ་སྐབས་ཡོད་རེད་དམ། ཁོང་ཚོས་དེའི་འགན་ཁུར་གྱི་ཆ་ཤས་ལེན་ཐུབ་ཀྱི་རེད་དམ།

ལན། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ལས་རིམ་དེ་༧གོང་ས་མཆོག་གི་གཟིགས་རྒྱང་རིང་པོའི་ལས་གཞི་ཞིག་ཆགས་ཡོད། དེ་ནི་བོད་ཀྱི་གྲྭ་བཙུན་ཚོའི་ཐོག་གལ་འགངས་ཆེ་ཞིང་། ལས་དོན་དེ་སྒྲུབ་ཐུབ་པ་ཞིག་ཀྱང་རེད། དགེ་འདུན་པ་ཚོར་ནང་དོན་རིག་པའི་སློབ་གཉེར་གྱི་གོ་སྐབས་ཡག་པོ་བྱུང་ཡོད་པར་སོང་བཟང་སྤྱོད་སྤེལ་ཞེས་བརྗོད་དུས་སེམས་རྒྱུད་མ་རུང་བ་དེ་འདུལ་ཞིང་བཟང་པོའི་ཡོན་ཏན་དེ་གོང་འཕེལ་དུ་བཏང་ནས་སྤྱོད་པ་བཟང་པོ་སྤེལ་རྒྱུ་དེ་རེད། ལྷག་པར་དུ་ཚན་རིག་སྦྱོང་གནང་མཁན་གྱི་གྲྭ་བཙུན་ཚོར་དམིགས་བསལ་གྱི་འགན་ཆེ་ཞིང་། ཞབས་འདེགས་སྒྲུབ་ཐུབ་པའི་ལས་དོན་རྒྱ་ཆེན་པོ་ཞིག་ཀྱང་རེད། དགེ་འདུན་པ་ཙམ་མ་ཟད་སྐྱ་བོའི་སྤྱི་ཚོགས་ལའང་བཟང་སྤྱོད་ཅེས་པ། དཔེར་ན། བྱམས་པ་དང་སྙིང་རྗེ། དྲན་པ་དང་ཤེས་བཞིན་དེ་ཚོའི་རིགས་དེ་རིང་ཁ་སང་ནུབ་ཕྱོགས་པའི་སྤྱི་ཚོགས་ནང་སྐྱ་བོ་ཚོས་དོ་སྣང་ཞེ་དྲག་ཆེན་པོ་བྱས་ནས་སློབ་སྦྱོང་བྱེད་ཀྱི་ཡོད་རེད། བོད་པའི་སྤྱི་ཚོགས་ནང་གོམས་གཤིས་ཐོག་ནས་རིག་གཞུང་ཆགས་ཡོད་རེད། དེ་ལྟར་ཡོད་ཀྱང་ཆེད་དུ་སློབ་སྦྱོང་ཐོག་ལས་རིམ་ཞིག་བཟོས་ན་ཕུན་སུམ་ཚོགས་པར་འགྱུར་ངེས། སྐྱ་བོའི་སྤྱི་ཚོགས་ཀྱི་ངོས་ནས་ཀྱང་བཟང་སྤྱོད་གོང་འཕེལ་དུ་གཏོང་རྒྱུར་ཞབས་འདེགས་སྒྲུབ་རྒྱུའི་གོ་སྐབས་རྒྱ་ཆེན་པོ་ཡོད་རེད་བསམ་གྱི་འདུག བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་ནས་ཕྱི་ཟླ་ ༡༢ པའི་ནང་སློབ་གྲྭ་ཁག་གི་དགེ་རྒན་མང་པོ་ཞིག་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཐོག་ཟབ་སྦྱོང་འབུལ་གྱི་རེད། དེར་བརྟེན་ཁོང་ཚོ་བརྒྱུད་ནས་སློབ་གྲྭ་ཁག་ལ་སླེབས་ཀྱི་རེད། དེ་འདྲ་སོང་ཙང་གྲྭ་བཙུན་དང་སྐྱ་བོ་ཚང་མའི་ཐོག་ནས་སོ་སོར་ཕན་ཐོགས་པ་ཙམ་མ་ཟད། འཛམ་གླིང་འདིའི་ནང་གི་ཤེས་བྱ་ཡོན་ཏན་ཕྱུག་ཏུ་གཏོང་རྒྱུའི་ཞབས་འདེགས་སྒྲུབ་རྒྱུར་ཕན་ཐོགས་རླབས་ཆེན་ཡོད་རེད་བསམ་གྱི་འདུག བོད་ཀྱི་ཆོས་དང་རིག་གཞུང་ནི་ཆེས་ཕྱུག་ཅིང་། ༧སྐྱབས་མགོན་རིན་པོ་ཆེས་རྒྱུན་དུ་བོད་མི་ཚོས་ནཱལནྡཱའི་སྲོལ་རྒྱུན་ལོ་ཆིག་སྟོང་ཉིས་བརྒྱ་སུམ་བརྒྱའི་རིང་བདག་ཉར་གནང་ནས་དེ་འདྲའི་གཅེས་ནོར་ཕྱུག་པོ་ཞིག་ཡོད་གསུང་གི་ཡོད། དེར་བརྟེན་བོད་མི་ཚོས་འཛམ་གླིང་ནང་ཞབས་འདེགས་རླབས་ཆེན་སྒྲུབ་རྒྱུའི་གོ་སྐབས་དམིགས་བསལ་ཞིག་ཆགས་ཡོད་རེད་བསམ་གྱི་འདུག། །།

ཕྱིར་གོང་དུ་ལོག