website templates free download

Table

༄༅། །ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་གལ་གནད་སྐོར། །

(ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་༧སྐུའི་གསུང་སྒྱུར་མཁས་དབང་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ལ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་བཅར་འདྲི་ཞུས་ལན།)

དྲ་རྒྱ་དང་རླུང་འཕྲིན་ཐོག་ནས་ང་ཚོའི་ལས་རིམ་གསན་གཟིགས་གནང་མཁན་ཡོངས་ལ་འཚམས་འདྲི་ཞུ། ང་བསྟན་འཛིན་ནོར་བཟང་ཡིན། འདི་ག་རླུང་འཕྲིན་ཁང་གི་དེ་རིང་གི་ལས་རིམ་འདིའི་ཐོག་ལོ་ངོ་སུམ་ཅུ་ཙམ་གྱི་གོང་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཨིན་སྐད་གསུང་སྒྱུར་གནང་བཞིན་པ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དང་ལྷན་དུ། དེང་གི་འཛམ་གླིང་ནང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ (Secular Ethics) ཀྱི་གལ་གནད་སྐོར་ལ་བཅར་འདྲི་ཞུ་ཡི་ཡོད། དགེ་བཤེས་ལགས་ཀྱིས་ང་ཚོར་དུས་ཚོད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལྷན་རྒྱས་ཚོས་དགེ་བཤེས་ལགས་ངོ་མ་མཁྱེན་པ་མེད་པ་ལྟ་བུ་རེད་དེ། ངས་ངོ་སྤྲོད་ཐུང་ཙམ་ཞུས་པ་ཡིན་ན། དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ནི་བོད་མི་ཙམ་དུ་མ་ཟད་ཕྱི་རྒྱལ་བའི་ཤེས་ཡོན་ཅན་གྱི་མི་སྣ་དང་། ལྷག་པར་དུ་མཁས་པ་ཚད་ལྡན་མང་པོས་གུས་བཀུར་ཆེ་མཐོང་ཞུ་ཡུལ་ཞིག་ཆགས་ཡོད། དགེ་བཤེས་ལགས་དེ་སྔ་མོན་གྷོ་དགའ་ལྡན་ཤར་རྩེ་གྲྭ་ཚང་ནས་དགེ་བཤེས་ལྷ་རམས་པ་ཐོན་གྲུབ་པའི་རྗེས་སུ་ཕྱི་ལོ་ ༡༩༨༥ ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་ཆེ་མཆོག་གི་ཨིན་སྐད་གསུང་སྒྱུར་གནང་དང་གནང་བཞིན་པ་རེད། ད་ལྟའི་ཆར་དགེ་བཤེས་ལགས་ཁེ་ཎ་ཌའི་ནང་བཞུགས་མུས་ཐོག་ཁུལ་དེར་ཡོད་པའི་ McGill གཙུག་ལག་སློབ་གཉེར་ཁང་དུ་ནང་པའི་ལྟ་གྲུབ་རིག་པའི་སློབ་དཔོན་གནང་བཞིན་པ་རེད།

དྲི་བ། ང་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་ལ་སློབ་སྦྱོང་བྱེད་དུས་དོ་སྣང་བྱུང་བ་གཅིག་ནི། ཉེ་བའི་ལོ་རབས་ཁ་ཤས་ནས་ཡུལ་གྲུ་གང་དུ་ཆིབས་བསྒྱུར་བསྐྱངས་ཀྱང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ (Secular Ethics) ཐོག་བཀའ་སློབ་ནན་པོ་ཡང་ཡང་ཕེབས་ཀྱི་འདུག དང་ཐོག་དགེ་བཤེས་ལགས་ཀྱིས་ང་ཚོའི་ལས་རིམ་གསན་མཁན་རྣམ་པར་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པ་གོ་བ་གང་འདྲ་ཞིག་ལ་ལེན་དགོས་མིན་ཐད་ངོ་སྤྲོད་ཅིག་གནང་རོགས་གནང་།

ལན། Secular Ethics ཞེས་པ་འགའ་ཞིག་གིས་ཆོས་དང་མ་འབྲེལ་བའི་ཡ་རབས་བཟང་སྤྱོད་དང་། འགའ་ཞིག་གིས་ཆོས་དད་ལ་དམིགས་བསལ་ལྟོས་མི་དགོས་པའི་ཐོག་ནས་གསལ་བཤད་བྱེད་པའི་བཟང་སྤྱོད་དང་བླང་དོར་ཚུལ་ཁྲིམས་ཀྱི་སྐོར་སོགས་བོད་སྐད་ནང་སྒྱུར་མཁན་འདྲ་མིན་ཡོང་བཞིན་འདུག གང་ལྟར་རྩ་བའི་དོན་ནི། སྤྱིར་བཏང་བྱམས་སྙིང་རྗེ་དང་བཟང་སྤྱོད་དང་འབྲེལ་བའི་བློ་དགེ་བའི་ཕྱོགས་དེ་དག་གལ་འགངས་ཆེན་པོ་བརྩི་བ་དེ་འཛམ་གླིང་གི་ཆོས་ལུགས་ཆེ་ཁག་ཚང་མའི་ལངས་ཕྱོགས་གཅིག་གྱུར་རེད། འོན་ཀྱང་དེ་སྔ་འདི་དག་ཁྱབ་སྤེལ་བྱེད་སྐབས་ཆོས་ལུགས་ཀྱི་ལྟ་བ་གཞིར་བཞག་པའི་ཐོག་ནས་རེད། དཔེར་ན། ང་ཚོ་ནང་པར་ཆ་བཞག་ན་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་འགྲེལ་བཤད་བརྒྱབ་པའི་ཐོག་ནས་མི་ལ་གནོད་པ་སྐྱེལ་རྒྱུ་ཡོད་མ་རེད། མི་ལ་གནོད་བསྐྱལ་ན་ལས་ངན་པའི་འབྲས་བུ་བསག་གི་རེད་ཅེས་ལས་འབྲས་ཀྱི་ཐོག་ནས་འགྲེལ་བཤད་བསྐྱོན་གྱི་ཡོད་པ་དང་། འབྲས་བུ་དེ་ཡང་སྐྱེ་བ་འདིར་མ་མྱོང་ཡང་ཚེ་ཕྱི་མར་མྱོང་གི་རེད་ཅེས་སྐྱེ་བ་སྔ་ཕྱི་དང་འབྲེལ་བའི་ཐོག་ནས་འགྲེལ་བཤད་རྒྱག་གི་ཡོད་རེད། ཆོས་ལུགས་ཆེ་ཁག་མང་ཆེ་བ་འཇིག་རྟེན་བྱེད་པ་པོ་ཁས་ལེན་མཁན་ཡིན་སྟབས། དེ་དག་གིས་བཟང་སྤྱོད་འགྲེལ་བཤད་རྒྱག་སྐབས་འདི་བྱས་ན་དཀོན་མཆོག་གི་བཀའ་དང་འགལ་གྱི་རེད། ཡ་རབས་སྤྱོད་བཟང་དང་། བཟང་ཕྱོགས་དང་ངན་ཕྱོགས་འདི་གང་ལྟར་དཀོན་མཆོག་གིས་གཏན་ལ་ཕབ་པའི་སྤྱི་ཁྲིམས་ལྟ་བུར་བརྩི་བས། དཀོན་མཆོག་གི་རྗེས་འཇུག་པ་རྣམས་བཟང་པོའི་ཕྱོགས་སུ་འགྲོ་བ་ལས་ངན་པའི་ཕྱོགས་སུ་འགྲོ་མི་རུང་བས། གཞན་ལ་གནོད་འཚེའི་བྱ་བའི་རིགས་སུ་གྱུར་པ་རྣམས་ངན་པའི་ཕྱོགས་རེད་ཅེས་འགྲེལ་བརྗོད་དེ་འདྲ་བྱེད་ཀྱི་ཡོད་སྟབས། ༧སྐྱབས་མགོན་རིན་པོ་ཆེས་བཀའ་ག་རེ་གནང་གི་ཡོད་དམ་ཞེ་ན། ཡ་རབས་སྤྱོད་བཟང་ངམ་བཟང་སྤྱོད་གང་ཞིག་ཟེར་རུང་། གང་ལྟར་དགེ་བའི་སེམས་ཀྱི་ཁྱད་ཆོས་འདི་དག་ཆོས་ཀྱི་འགྲེལ་བཤད་རྒྱག་སྟངས་ལ་བསྟུན་མི་དགོས་པའི་ཐོག་ནས་འཛམ་གླིང་སྤྱི་ཡོངས་ལ་ཁྱབ་སྤེལ་ཐུབ་པ་ཡིན་ན་ཁྱབ་ཆེ་བ་དང་། ལྷག་པར་དུ་དེང་དུས་ཀྱི་སྤྱི་ཚོགས་ནང་ཕྱོགས་གཅིག་ནས་མི་དུང་ཕྱུར་བཅུ་ལྷག་ཙམ་ཆོས་དད་མེད་མཁན་རེད་ཅེས་ལབ་ཀྱི་ཡོད་རེད། འདིའི་ཐོག་ཆོས་དད་ཡོད་མཁན་གྱི་ལུང་པར་ཆ་བཞག་པ་ཡིན་ན། ཁ་ཆེའི་ལུང་པ་དང་ས་གནས་ཁ་ཤས་ལ་མ་གཏོགས་མང་ཆེ་བར་ཆོས་ལུགས་ཐ་དད་པ་མང་པོ་ཞིག་འཛོམས་པའི་སྤྱི་ཚོགས་ཤིག་ཆགས་སྟབས། ཆོས་ལུགས་ཀྱི་ལྟ་བ་གཞིར་བཞག་པའི་ཐོག་ནས་འགྲེལ་བཤད་རྒྱག་དགོས་ན་ཆོས་ལུགས་ཀྱི་ལྟ་བ་གང་ཞིག་འཁྱེར་དགོས་སམ། སྤྱི་ཚོགས་དེའི་ནང་གི་ཆོས་ལུགས་ཆེ་ཤོས་དེ་ཁྱེར་བ་ཡིན་ན། ཆོས་ལུགས་དེར་དད་པ་མི་བྱེད་པའི་སྤྱི་ཚོགས་གཞན་གྱི་མི་དེ་དག་གིས་ཅི་འདྲ་བྱེད་དགོས་མིན་ཐད་དཀའ་ངལ་འཕྲད་ཀྱི་ཡོད་སྟབས། ༧སྐྱབས་མགོན་རིན་པོ་ཆེས་ཆོས་ལུགས་ཀྱི་ལྟ་བར་དམིགས་བསལ་ལྟོས་མི་དགོས་པའི་ཐོག་ནས་བཟང་སྤྱོད་སྤེལ་རྒྱུའི་ཐབས་ཤེས་གནང་གི་ཡོད་པ་དང་སྤེལ་ཐུབ་ཀྱི་རེད་ཅེས་གསུང་གི་ཡོད་པ་མ་ཟད། སྤེལ་སྟངས་དེ་ཡང་བཟང་སྤྱོད་ཀྱི་ངོ་བོ་དང་། དེའི་ཁེ་ཕན་འགྲེལ་བརྗོད་བྱེད་སྟངས་ཐོག་ཆོས་དད་ལ་དམིགས་བསལ་ལྟོས་མི་དགོས་པ་དང་། ལྷག་པར་དུ་ཆོས་ལུགས་ཆེ་ཁག་ཚང་མས་འདི་དག་གཅིག་མཐུན་གལ་ཆེར་ངོས་བཟུང་བའི་སྐབས་སུ། ཚང་མར་ཁྱབ་པའི་འགྲོ་བ་མི་སྤྱིའི་རང་བཞིན་དང་། རིན་ཐང་། ཁྱད་ཆོས་ཤིག་ཆགས་ཀྱི་ཡོད་པའི་རྣམ་པ་གསལ་པོ་ཐོན་གྱི་འདུག་ཅེས་གང་ལྟར་དགོངས་པ་བཞེས་ས་གཙོ་བོ་དེ་རེད། འདིར་ Secular ཞེས་གསུངས་དགོས་དོན་ནི། ཆོས་ལུགས་ཚང་མའི་ལྟ་བ་དང་མ་འགལ་བ་དང་། ཆོས་ལུགས་ཀྱི་ལྟ་བ་ལ་ལྟོས་མི་དགོས་པ། གཞན་ཡང་༧སྐྱབས་མགོན་རིན་པོ་ཆེས་རྒྱ་གར་གྱི་རྩ་ཁྲིམས་འདི་ Secular གཞིར་བཞག་གི་ཐོག་ནས་བཟོས་ཡོད་ཀྱང་། Secular ཟེར་དུས་ངེས་པར་ཆོས་ལ་སྡང་པོ་བྱེད་པ་དང་། ངོ་རྒོལ་བྱེད་པ། ཆོས་སྤངས་པའི་སྐད་ཆ་མ་རེད། གལ་ཏེ་དེ་འདྲ་ཡིན་ན་རྒྱ་གར་ཆོས་ཀྱི་ལུང་པར་རྩ་ཁྲིམས་ནང་ Secular ཁས་ལེན་བྱེད་ཀྱི་མ་རེད་ཅེས་གསུང་གི་ཡོད། གང་ལྟར་ Secular ཟེར་བའི་ཐ་སྙད་འདིར་ནུབ་ཕྱོགས་ཀྱི་འགྲེལ་བཤད་རྒྱག་སྟངས་དང་། རྒྱ་གར་གྱི་འགྲེལ་བཤད་རྒྱག་སྟངས་གཉིས་ལ་ཏོག་ཙམ་མི་འདྲ་བ་དང་། ནུབ་ཕྱོགས་སུ་ Secular ཟེར་དུས་ཆོས་ཕྱོགས་ནས་ལྟ་སྟངས་ཀྱི་ལངས་ཕྱོགས་གཅིག་དང་། ཆོས་དང་མ་འབྲེལ་བའི་ལྟ་སྟངས་ཀྱི་ལངས་ཕྱོགས་གཅིག་བཞག་པའི་ཐོག་ནས་ Secular ཟེར་བའི་གོ་བ་འགའ་ཞིག་ལ་ཆོས་སྤངས་པ་དང་། ཆོས་ལ་འདུ་ཤེས་ཏོག་ཙམ་ཞན་པོའི་གོ་བ་ཞིག་ཡོང་གི་ཡོད་རེད། འོན་ཀྱང་༧སྐྱབས་མགོན་རིན་པོ་ཆེས་བཀའ་གནང་རྒྱུ་དེ་ནི་རྒྱ་གར་གྱི་བསམ་བློ་གཏོང་ཕྱོགས་དང་གོ་བ་ལེན་ཚུལ་འདི་གཞི་རྩར་བཞག་པའི་ཐོག་ནས་ཆོས་ལུགས་ཡོངས་དང་མཐུན་པ་དང་། ཆོས་ལུགས་བྱེ་བྲག་པ་གཅིག་གི་ལྟ་བ་ལའང་ལྟོས་མི་དགོས་པ། གང་ལྟར་ཆོས་ཁས་མི་ལེན་མཁན་ཡིན་ཡང་འདིའི་ཐོག་ནས་བསམ་བློ་གཏོང་རྒྱུ་ཡོད་པའི་ཁྱབ་ཆེ་བའི་དགོངས་པ་ཞིག་བཞེས་ཀྱི་ཡོད་རེད།

དྲི་བ། ང་ཚོས་ཤེས་གསལ་ལྟར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་དང་འབྲེལ་བའི་ཐོག ཕྱི་ལོ་ ༢༠༡༢ ལོར་ Beyond religion དང་། ༢༠༠༠ ལོར་ Ethics for the New Millennium ཞེས་པའི་ཕྱག་དེབ་དེ་ལྗགས་རྩོམ་གནང་བ་རེད། ཕྱག་དེབ་དེ་ཚོ་གཉིས་ཀ་དགེ་བཤེས་ལགས་དང་། སྐུ་ཞབས་ Alexander Norman ལགས་གཉིས་ཀྱིས་ཐུགས་འགན་རྐང་བཞེས་ཐོག་ཕབ་སྒྱུར་རྩོམ་སྒྲིག་གནང་ཡོད་རེད། རྩ་བའི་དགེ་བཤེས་ལགས་ཀྱིས་འགྲེལ་བཤད་ཞིབ་ཚགས་གནང་སོང་ཡང་དེའི་གནད་འགག་གང་ཡིན་སྐོར་ཐིག་ཕྲེང་གཅིག་ནང་གསུང་རོགས་གནང་ཞུ་རྒྱུ་ཡིན།

ལན། སྟོང་ལོ་གསར་པའི་བླང་དོར་གྱི་ཚུལ་ཞེས་པའི་ཕྱག་དེབ་དེ་སྟོང་ལོ་གསར་པ་མ་ཤར་ཙམ་སྟེ་ ༡༩༩༩ ལོར་ཐོན་པ་རེད། འོན་ཀྱང་དེའི་ནང་ཡོད་པའི་གནད་འགག་ཅན་གྱི་བརྗོད་བྱ་མང་པོ་ཞིག་ནི་༧སྐྱབས་མགོན་རིན་པོ་ཆེ་དེ་སྔོན་ ༡༩༧༩ ལོར་ཨ་རིར་ཐོག་མ་ཆིབས་བསྒྱུར་གནང་འགོ་བཙུགས་པ་ནས་བཟུང་གསུང་བཤད་གནང་རྒྱུའི་ནང་ཚུད་པ་ཞིག་རེད། དེའི་གོང་ལ་ ༡༩༧༣ ལོར་ཨིན་ཡུལ་དང་ཡུ་རོབ་ཏུ་ཆིབས་བསྒྱུར་སྐབས་ཀྱི་གསུང་བཤད་གནང་བ་རྣམས་མཇལ་བ་ཡིན་ན། དེ་ཚོའི་ནང་ཁོར་ཡུག་སྲུང་སྐྱོབ་དང་། འགྲོ་བ་མི་གཅིག་གྱུར་གྱི་ལྟ་བ། གཞན་ཕན་གྱི་བློ་དེ་དག་གལ་ཆེ་ཡིན་པ། ལྷག་པར་དུ་ནང་ཆོས་ཀྱི་སེམས་ཁམས་རིག་པ་ནས་ཚུར་ལེགས་ཆ་ལེན་རྒྱུ་ལས། ང་ནང་པ་ཡིན་ཡང་འཛམ་གླིང་ས་ཕྱོགས་གཞན་ལ་འགྲོ་སྐབས་ནང་པ་སྤེལ་རྒྱུ་དང་། ནང་ཆོས་ཁྱབ་སྤེལ་བྱེད་རྒྱུའི་ཐད་དབྱིངས་མེད་ལ་ངའི་ཀུན་སློང་ཡང་དེ་མིན། ངའི་ཀུན་སློང་ནི་ནང་པའི་གཞུང་ལས་བཤད་པ་དང་། ལྷག་པར་དུ་ནང་པའི་གཞུང་ནང་སེམས་ཁམས་རིག་པའི་རྣམ་གཞག་དེ་དག་ཧ་ཅང་ཕྱུག་པོ་ཡོད་སྟབས། འདི་ནས་ཚུར་ལེགས་ཆ་བླངས་ནས་འགྲོ་བ་མི་སྤྱིའི་བདེ་དོན་ཐོག་ཕན་པ་སྒྲུབ་རྒྱུ་དང་ཞབས་འདེགས་ཞུ་ཐུབ་རྒྱུ་འདི་ཡིན་ཞེས་བདུན་ཅུ་དོན་གྲངས་ནས་བཀའ་གནང་ཡོད་རེད། སྟོང་ལོ་གསར་པའི་ཕྱག་དེབ་དེ་སྒྲིག་འཛུགས་ལྡན་པའི་ངང་གོ་རིམ་བསྒྲིགས་ནས་དེབ་གཅིག་གི་ནང་ཤོང་པ་བྱས་ཏེ་ཐོག་མར་ཁྱབ་སྤེལ་བྱུང་བ་རེད་དེ། དགོངས་པ་བཞེས་སྟངས་དང་གསུང་བཤད་གནང་བ་གང་འཚམས་སྔ་པོ་རེད། གང་ལྟར་༧སྐྱབས་མགོན་རིན་པོ་ཆེས་གནད་འགག་ལྟེ་བ་དེ་ག་རེ་གཟིགས་ཀྱི་ཡོད་དམ་ཞེ་ན། ད་ལྟའི་དུས་ཚོད་ལ་དཔལ་འབྱོར་དང་། ཁོར་ཡུག་གི་གནས་སྟངས་སོགས་ཀྱི་ཐོག་ནས་འཛམ་གླིང་འདི་ཆུང་དུ་ཕྱིན་ནས་གོ་ལ་གཅིག་གྱུར་ཆགས་སྟབས། གནས་སྐབས་དེའི་ནང་ང་ཚོའི་སྔོན་མའི་བསམ་བློ་གཏོང་ཕྱོགས། དཔེར་ན། བོད་པ་ཡིན་ན་བོད་པ་ཁེར་རྐྱང་བསམ་བློ་གཏོང་བ་ལས། གཞན་ནས་གང་ཡང་ལེན་གྱི་མིན་བསམ་པའི་གུ་དོག་པོ་དེ་འདྲ་མ་བྱས་པར་ལེགས་པའི་ཆ་དེ་ཕྱོགས་གང་ས་ནས་ལེན་རྒྱུའི་གོ་སྐབས་ཡོད་པས། ༧སྐྱབས་མགོན་རིན་པོ་ཆེ་དགུང་ན་ཆུང་དུས་ནས་ནང་པའི་གཞུང་དང་། མཚན་ཉིད་ཀྱི་གཞུང་ཆེན་ལ་གསན་བསམ་སློབ་གཉེར་གནང་བ་དེ་འདྲའི་ཐོག་ནས་ནང་ཆོས་ཀྱི་གཞུང་ནས་སེམས་ཁམས་རིག་པའི་རྣམ་གཞག་ཕྱུག་པོ་ཡོད་པ་དག་དང་། ཚན་རིག་གཉིས་ཟུང་འབྲེལ་གྱི་ཐོག་ནས་བཟང་སྤྱོད་དང་། ཡ་རབས་སྤྱོད་བཟང་། བླང་དོར་གྱི་ཚུལ། སེམས་ཁམས་རིག་པའི་འགྲོ་སྟངས། མྱོང་ཚོར་སྟངས་འཛིན་བྱེད་ཕྱོགས་སྐོར་བཅས་གང་ལྟར་ཚན་རིག་དང་ནང་ཆོས་ཀྱི་གཞུང་ལས་བཤད་པའི་སེམས་ཁམས་རིག་པ་ཟུང་འབྲེལ་གྱི་ཐོག་ནས་བསམ་བློ་གཏོང་སྟངས་དང་། སྐད་ཆ་ཤོད་སྟངས། ཁྱབ་སྤེལ་བྱེད་སྟངས། ལག་ལེན་བསྟར་སྟངས་གསར་པ་ཞིག་༧སྐྱབས་མགོན་རིན་པོ་ཆེ་གང་ཉིད་ཀྱིས་གསར་གཏོད་གནང་ཡོད་རེད། ཕྱག་དེབ་དེ་གཉིས་གལ་ཆེན་པོ་རེད། དེ་དང་ཆབས་ཅིག་ཚན་རིག་པ་མང་དག་ཅིག་དང་ལྷན་དུ་ལོ་མང་རིང་བགྲོ་གླེང་གནང་བའི་ཁྲོད་ནས། ཚན་རིག་པ་མང་པོ་ཞིག་ནི་ཤེས་ཡོན་སློབ་ཚན་གྱི་སྡེ་ཚན་དང་། མང་པོ་ཞིག་ནི་སེམས་ཁམས་རིག་པའི་སྡེ་ཚན་ནས་ཕེབས་ཀྱི་ཡོད་སྟབས། ༧སྐྱབས་མགོན་རིན་པོ་ཆེས་ཆོས་ལུགས་ཀྱི་ལྟ་བ་གཞིར་མ་བཞག་པར་ཚན་རིག་གི་དཔྱད་པ་བྱས་པའི་གྲུབ་དོན་དང་གཅིག ང་ཚོ་འགྲོ་བ་མི་གཅིག་གྱུར་དང་ཐུན་མོང་གི་ཉམས་མྱོང་དང་གཉིས། གསུམ་པ་དེར་རྣམ་དཔྱོད་བེད་སྤྱོད་བྱས་པའི་ཐོག་ནས་སེམས་པ་ལྷོད་ལྷོད་དང་གཞན་ལ་བརྩེ་བ་བྱེད་མཁན་གྱི་མི་དེ་སྐྱིད་པ་འདུག་གམ། ཡང་ན་ཁོང་ཁྲོ་རྐྱང་པ་དང་རང་དོན་ཁོག་བཅུག་བྱེད་མཁན་གྱི་མི་དེ་སྐྱིད་པ་འདུག དེ་བཞིན་ཁྱིམ་ཚང་གི་ནང་ལའང་སྐྱིད་མི་སྐྱིད་གང་འདྲ་ཡོད་མེད་དེ་ཚོའི་རིགས་རྣམ་དཔྱོད་བེད་སྤྱོད་བྱས་ཏེ་སྙིང་པོ་འདི་གསུམ་ཐོག་ཏུ་བབས་པའི་ཐོག་ནས་ཡ་རབས་སྤྱོད་བཟང་གསལ་བཤད་བྱ་རྒྱུ་དང་། ཡ་རབས་སྤྱོད་བཟང་གི་རྩ་བ་ཚུགས་ཐུབ་པ་ཞིག་ཡོང་གི་རེད་ཅེས་བཀའ་གནང་ཡོད།

དྲི་བ། དགེ་བཤེས་ལགས་ཆེད་ལས་ཀྱི་ངོ་བོའི་ཐོག་ནས་ཕྱི་རྒྱལ་མི་མང་དང་། ཤེས་ཡོན་ཅན། ལྷག་པར་དུ་ཚན་རིག་པ་དང་མཁས་པ་མང་པོ་དང་ལྷན་དུ་མཇལ་མོལ་དང་། གསུང་བཤད་ཀྱི་ལས་རིམ་དེ་འདྲ་ཡོང་གི་ཡོད་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་དང་འབྲེལ་བའི་གནད་འགག་ཐོག་གོང་དུ་བཀའ་གནང་ཡོད་རེད། ཕྱི་རྒྱལ་ནུབ་ཕྱོགས་པ་ཚོས་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་གྱི་གནད་འགག་ཟིན་ཐུབ་ཀྱི་ཡོད་པ་དགོངས་ཀྱི་ཡོད་དམ། ཁོང་ཚོས་འདིའི་ཐོག་གཟིགས་ཚུལ་གང་འདྲ་ཡོད་དམ།

ལན། ཁོང་ཚོས་གནད་འགག་ཏན་ཏན་ཟིན་ཐུབ་ཀྱི་ཡོད་རེད། ཕྱི་རྒྱལ་གྱི་སྤྱི་ཚོགས་དང་། བོད་པའི་སྤྱི་ཚོགས་གཉིས་ལས་ཕྱི་རྒྱལ་གྱི་སྤྱི་ཚོགས་དེ་དྲག་པ་ཡོད་རེད། གང་ལགས་ཤེ་ན། ཕྱི་རྒྱལ་གྱི་ལུང་པའི་ནང་ཕྱོགས་གཅིག་ནས་གསར་གཏོད་ལ་དགའ་པོ་ཡོད་པ་དང་ཀླད་པའང་གུ་ཡངས་པོ་ཡོད་རེད། གཉིས་ནས་ཕ་གིར་སྤྱི་པའི་སྡིངས་ཆའི་ཐོག་བགྲོ་གླེང་གི་རིགས་ཡོངས་ལ་རྣམ་དཔྱོད་དང་རྒྱུ་མཚན་བེད་སྤྱོད་བྱས་ནས་འགྲོ་མཁན་ཤ་སྟག་ཡིན་པ་ལས། གསུང་པ་པོ་དེ་སྟོན་པ་བཅོམ་ལྡན་འདས་དང་། ཡི་ཤུའི་བླ་ཆེན་རེད་ཅེས་གསུང་མཁན་དེ་རྩ་ཆེན་པོ་དང་སྙན་གྲགས་ཅན་རེད་ཅེས་པའི་ལམ་དེ་ཙམ་མེད། ང་ཚོ་བོད་པའི་ངོས་ནས་༧སྐྱབས་མགོན་རིན་པོ་ཆེར་སྤྱན་རས་གཟིགས་དངོས་ཀྱི་འདུ་ཤེས་བཞག་སྟེ་དད་གུས་ཧ་ཅང་ཆེན་པོ་ཞུ་ཡི་ཡོད་ཀྱང་། འཛམ་གླིང་སྤྱིའི་སྡིངས་ཆའི་སྟེང་༧སྐྱབས་མགོན་རིན་པོ་ཆེས་འདས་པའི་ལོ་ལྔ་བཅུ་ང་གྲངས་ནང་འགྲོ་བ་མི་སྤྱིའི་བདེ་དོན་ཆེད་དགོངས་པ་ཤུགས་ཆེན་བཞེས་པ་སོགས་མཛད་པ་བསམ་གྱིས་མི་ཁྱབ་པ་ཞིག་བསྐྱངས་ཡོད་ཅིང་། ༧སྐྱབས་མགོན་རིན་པོ་ཆེས་ཞལ་ནས་གང་གསུངས་པ་དེ་ཕྱི་དང་ནང་གི་བར་ལ་བར་སྟོང་རྩ་བ་ནས་མཐོང་རྒྱུ་མེད་པའམ་ཕྱི་གསལ་ནང་གསལ་༧སྐུ་སྒེར་གྱི་སྐུ་ཚེ་སྐྱེལ་སྟངས་ནང་ཕྱག་ལེན་བསྟར་གནང་གི་ཡོད་སྟབས། དེ་ལྟ་བུ་ནི་འཛམ་གླིང་ནང་ཧ་ཅང་དཀོན་པོ་ཡིན་པས་༧གོང་ས་མཆོག་ལ་བརྩི་མཐོང་ཆེན་པོ་ཞུ་བ་རེད། ཕྱོགས་གཅིག་ནས་འཛམ་གླིང་ནང་བླ་ཆེན་མང་པོ་ཡོད་ཀྱང་དེ་དག་མང་ཆེ་བས་སོ་སོའི་ཆོས་ལུགས་ཀྱི་ཁྱབ་ཁོངས་ལ་ཡོད་པའི་མི་དེ་སྲུང་སྐྱོབ་བྱེད་རྒྱུ་དང་། སྤྱི་ཚོགས་ཀྱི་བདེ་དོན་ཐོག་བསམ་བློ་གཏོང་བ་ལས་འགྲོ་བ་མི་སྤྱིའི་ཐོག་བསམ་བློ་གཏོང་མཁན་ཧ་ཅང་དཀོན་པོ་རེད། རྒྱལ་ཁབ་ཁག་གི་དབུ་ཁྲིད་ལ་ཆ་བཞག་ཀྱང་ཨ་རིའི་སྲིད་འཛིན་ལ་སོགས་པ་སྟོབས་དང་ལྡན་པའི་མི་སྣ་མང་པོ་ཡོད་ཀྱང་སོ་སོའི་རྒྱལ་ཁབ་ཀྱི་བདེ་དོན་དེ་རྩ་བར་འཛིན་པ་ལས། འགྲོ་བ་མི་སྤྱིའི་ཐོག་བསམ་བློ་གཏོང་མཁན་དེ་བས་དཀོན་པ་རེད། འདིའི་ཐོག་འཛམ་གླིང་ནང་གི་དབུ་ཁྲིད་ཀྱི་གྲས་ནས་༧གོང་ས་མཆོག་སྐུ་རྐྱང་ལྟ་བུ་ཞིག་ཆགས་ཀྱི་ཡོད་རེད། དེ་སྔོན་ Nelson Mandela ཞལ་བཞུགས་པའི་སྐབས་སུ་ཁོང་ལ་འདི་ཐོག་ནས་བརྩི་མཐོང་ཞུ་ཡི་ཡོད་རེད། ཁོང་མཛད་རྗེས་ཆེན་པོ་ཡིན་ཡང་མཁས་པའི་སྙན་གྲགས་ཀྱི་ཐོག་ནས་ཆེད་ལས་པའི་སྡེ་ཚན་ནང་ཚན་རིག་པ་དང་ལྷན་དུ་བགྲོ་གླེང་གནང་རྒྱུའི་ཐུགས་གཤིས་ཡོད་མ་རེད། ༧སྐྱབས་མགོན་རིན་པོ་ཆེས་འདས་པའི་ལོ་དེ་དག་གི་རིང་ཚན་རིག་པ་དང་བགྲོ་གླེང་གནང་བ་ཡིན་ཙང་ནུབ་ཕྱོགས་པས་ཁོང་གི་མཛད་པའི་སྙིང་དོན་དང་། ལྷག་པར་དུ་ཆོས་ལུགས་ཀྱི་ལྟ་བར་ལྟོས་མི་དགོས་པའི་ཡ་རབས་སྤྱོད་བཟང་སྤེལ་སྟངས་འདི་ཚོའི་ཐོག་ལ་དོ་སྣང་ཧ་ཅང་བྱས་ནས། ནུབ་ཕྱོགས་ཀྱི་སྤྱི་ཚོགས་བྱང་ཨ་མེ་རི་ཀ་དང་ཡུ་རོབ་ནང་གི་སྤྱི་ཚོགས་ཁྲོད་ཤེས་ཡོན་གྱི་སྡེ་ཚན་ནང་འགྱུར་བ་ཆེན་པོ་ཞིག་ཐེབས་ཡོད་རེད། ད་ལྟ་ང་ཚོ་བོད་པའི་སྤྱི་ཚོགས་ནང་འདི་ལྟར་ཐེབས་ཀྱི་མི་འདུག་ལ་རྒྱ་གར་ནང་ལའང་རིམ་བཞིན་འགྱུར་བ་འགྲོ་བཞིན་པ་རེད་མ་གཏོགས་ནུབ་ཕྱོགས་ལ་ Social Emotional Learning ཞེས་མི་ཕན་ཚུན་གྱི་འབྲེལ་བ་དང་། སོ་སོའི་མྱོང་ཚོར་ལ་སྟངས་འཛིན་བྱེད་རྒྱུའི་ཐོག་གལ་ཆེན་པོ་ཡིན་པ་དེ་ཤེས་ཡོན་གྱི་སྡེ་ཚན་ནང་སླེབས་པ་ནི། གཙོ་བོ་༧སྐྱབས་མགོན་རིན་པོ་ཆེས་འདས་པའི་ལོ་མང་རིང་བཀའ་གནང་བའི་ཤུགས་རྐྱེན་ཐེབས་ནས་ད་ལྟ་སློབ་གྲྭ་ཁག་ལ་སློབ་འགོ་བཙུགས་ཏེ་ལོ་ཉི་ཤུ་ལྷག་འགྲོ་ཡི་ཡོད་རེད། ད་ལྟ་རྒྱ་གར་དང་བོད་པའི་སྤྱི་ཚོགས་ནང་གཞི་ནས་གཉིད་སད་པ་ལྟ་བུ་རེད།

དྲི་བ། དགེ་བཤེས་ལགས་ཀྱིས་ཁ་སང་ཁེ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དང་། བོད་ཁྱིམ་སློབ་གྲྭར་གསུང་བཤད་ཅིག་གནང་འདུག དེ་བཞིན་བོད་པའི་དགོན་པ་གྲྭ་ཚང་དང་། སློབ་གྲྭ། མཐོ་སློབ་ཀྱི་སློབ་ཕྲུག་རྣམས་ལ་གསུང་བཤད་སྔ་རྗེས་གནང་གི་ཡོད་རེད། བོད་པའི་སྤྱི་ཚོགས་ནང་འདིའི་ཐོག་རྗེས་ལུས་ཀྱི་འཐུས་ཤོར་བྱུང་བའི་འགག་རྩ་གང་ལ་ཐུག་ཡོད་པ་ངོས་འཛིན་གནང་གི་ཡོད་དམ།

ལན། སྤྱིར་བཏང་བོད་པའི་སྤྱི་ཚོགས་ནང་དེ་སྔ་དགེ་འདུན་ཆོས་འཕེལ་ལགས་ཀྱང་གསུང་མང་པོ་ཤོར་འདུག ང་ཚོ་བོད་པའི་གཤིས་ཀར་རྙིང་པ་གང་ཡིན་པ་དེ་རྩ་ཆེར་འཛིན་པ་དང་། གསར་པ་གང་ཡིན་པ་དེ་འདྲེ་ལ་བརྩིས་ཏེ་གསར་གཏོད་ལ་དོགས་ཟོན་བྱེད་རྒྱུ་དང་། གཉིས་ནས་ང་ཚོ་ཆོས་དད་ཆེན་པོ་ཡོད་པའི་སྤྱི་ཚོགས་ཤིག་ཡིན་པས་ཡ་རབས་སྤྱོད་བཟང་དང་། བྱམས་སྙིང་རྗེ་དེ་དག་ཆོས་ཀྱི་ཁོངས་སུ་བཏང་སྟེ་མ་ཎི་བགྲང་རྒྱུ་དང་། སྐོར་བ་རྒྱག་རྒྱུ། འདོན་པ་འདོན་རྒྱུ་སོགས་བྱས་པ་ཡིན་ན་དེ་རང་གིས་འགྲིག་གི་ཡོད་པ་ཞལ་ནས་གསུང་མིན་ལ་མ་ལྟོས་པར་དགོངས་ཚུལ་དེ་འདྲ་ཞིག་ཡོད་རེད། ལྷག་པར་དུ་སློབ་གྲྭ་ཁག་ལ་གསར་གཏོད་བྱ་རྒྱུ་ནི་དེ་བས་ཀྱང་ཁག་པོ་རེད། གང་ལགས་ཤེ་ན། སློབ་ཁྲིད་བྱེད་མཁན་དགེ་རྒན་གསར་པ་དགོས་པ་མ་ཟད་དེ་དག་ལ་ཟབ་སྦྱོང་དགོས་ཀྱི་ཡོད་རེད། མི་ཚེ་སྐྱེལ་རྒྱུའི་ཆེད་ངེས་པར་དུ་སྦྱང་དགོས་པའི་སློབ་ཚན་ཨང་རྩིས་དང་། ཨིན་ཇི། ཚན་རིག་གི་སྡེ་ཚན་དེ་དག་ལ་འཐུས་ཤོར་མི་ཡོང་ངམ་སྙམ་པའི་ཐོག་ནས་གསར་གཏོད་བྱེད་རྒྱུར་ལམ་སང་འདུན་པ་བསྐྱེད་རྒྱུ་དང་ལག་ལེན་བསྟར་རྒྱུ་སོགས་ཁག་པོ་ཡོད་རེད། གང་ལྟར་དེར་རྐྱེན་མང་པོ་ཞིག་འཕྲད་ཡོད་ཀྱི་རེད། Social Emotional Learning ཞེས་ད་ལྟ་༧སྐྱབས་མགོན་རིན་པོ་ཆེས་དགོངས་གཞི་ཆོས་དང་མ་འབྲེལ་བའི་ཐོག་ནས་བཟང་སྤྱོད་སློབ་སྟངས་སྐོར་སློབ་གྲྭ་ཁག་གིས་གལ་ཏེ་ལག་བསྟར་ཐུབ་པ་ཡིན་ན། སློབ་ཚན་གཞན་གྱི་དུས་ཚོད་དེའི་སྒང་ལ་གཏོང་དགོས་པ་ཆགས་ཀྱི་ཡོད་མ་རེད། དཔེར་ན། སློབ་གྲྭ་ཁག་མང་པོ་ཞིག་ལ་ཆོས་དགེ་ཡོད་རེད། ༧གོང་ས་མཆོག་གི་དགོངས་པ་མིན་པར་ང་རང་སྒེར་གྱི་བསམ་ཚུལ་ཞུས་པ་ཡིན་ན་སློབ་ཕྲུག་སྤྱི་ལ་ཁྱབ་པའི་དགེ་རྒན་ནི་ཆོས་དགེ་རྣམ་པ་ཚོ་ཆགས་ཀྱི་ཡོད་རེད། ཆོས་དགེ་ཚོས་ཞལ་འདོན་འདོན་རྒྱུའི་ཁོ་ནའི་ཆེད་དུས་ཚོད་མ་གཏོང་བར་སེམས་ཁམས་རིག་པ་དང་སྦྲགས་ཏེ་༧སྐྱབས་མགོན་རིན་པོ་ཆེས་དགོངས་པ་བཞེས་པ་ནང་ལྟར་སྟོང་ལོ་གསར་པའི་བླང་དོར་གྱི་ཚུལ་ཟེར་བ་དང་། Beyond religion སོགས་རིམ་པས་བོད་ཡིག་ནང་ཐོན་གྱི་ཡོད་རེད། དེ་ཚོ་རྩ་བར་བཞག་ནས་ང་ཚོའི་གཞུང་ལས་བཤད་པའི་བློ་སྦྱོང་དང་། སེམས་སེམས་བྱུང་གི་སྐོར་མངོན་པའི་གཞུང་ནང་ཡོད་པ་དེ་ཚོ་ཚུར་ལེན་གང་ཐུབ་ཀྱིས་ཆོས་སློབ་པ་དང་ལྷན་དུ། སེམས་ཁམས་རིག་པའི་འགྲོ་སྟངས་དང་ཡ་རབས་སྤྱོད་བཟང་ལ་སོགས་པ་རྣམས་སོ་སོའི་ཉམས་མྱོང་དང་རྣམ་དཔྱོད་བེད་སྤྱོད་བྱས་ཏེ། མི་གཅིག་གྱུར་གྱི་ཐུན་མོང་གི་ཉམས་མྱོང་དང་སེམས་ཀྱི་འགྲོ་སྟངས་དེ་ཚོ་རྩ་བར་བཞག་ནས་གསལ་བཤད་བྱེད་ཐུབ་པ་ཡིན་ན་འདི་ནི་གོ་སྐབས་ཡག་པོ་ཞིག་མཐོང་གི་འདུག ད་ལྟ་སློབ་ཚན་བྱེ་བྲག་པ་གཅིག་སློབ་བཞིན་པའི་དུས་ཚོད་དེ་བླངས་ནས་བརྗེ་པོ་རྒྱག་དགོས་དོན་ཡོད་མ་རེད། ང་རང་ཚོའི་སློབ་གྲྭ་མང་པོ་ཞིག་རྒྱ་གར་གྱི་ས་ཁོངས་སུ་ཡོད་སྟབས། ནུབ་ཕྱོགས་ལ་ཆ་བཞག་ན་བདུན་ཕྲག་རེར་རེས་གཟའ་སྤེན་པ་གུང་གསེང་བྱས་ནས་སློབ་གྲྭའི་ཚོགས་དུས་ཉིན་ལྔ་ལས་ཡོད་མ་རེད། འདིར་རེས་གཟའ་སྤེན་པ་གཉིས་པ་མ་གཏོགས་གཞན་གུང་གསེང་མི་འདུག ནུབ་ཕྱོགས་པའི་སློབ་ཕྲུག་ཚོ་དང་འཛམ་གླིང་ས་ཆ་མང་པོ་ཞིག་ལ་བདུན་ཕྲག་གཅིག་ནང་ཞག་མ་ལྔ་བསླབས་ནས་ཁུངས་འཁྱོལ་གྱི་ཡོད་ན་ང་ཚོ་བདུན་ཕྲག་གཅིག་ནང་ཞག་མ་དྲུག་སློབ་དགོས་དོན་གང་ཡང་ཡོད་མ་རེད། ང་ཚོ་བོད་པ་རྣམས་དམིགས་བསལ་རིག་པ་སྐྱོ་བ་ཡོད་ན་ཐུགས་ཁག་མེད། དེ་འདྲ་ནི་མ་རེད། ངས་སྔོན་མ་ཁོང་ཚོར་རེས་གཟའ་སྤེན་པར་༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་གཞིར་བཟུང་བཟང་སྤྱོད་དང་སེམས་ཁམས་རིག་པ་བསླབ་རྒྱུ་ཁོ་ནའི་ཐོག་ཤུགས་བརྒྱབ་སྟེ་དགོངས་པ་བཞེས་རྒྱུ་མེད་དམ། གང་ལྟར་དབུ་ལ་བཞུགས་མཁན་ཚོས་དགོངས་པ་གཅིག་བཞེས་ཏེ། དགེ་རྒན་ཚོ་བསྐོངས་ནས་གང་འདྲ་བྱས་ན་ལེགས་མིན་བགྲོ་གླེང་དང་ཕན་ཚུན་བསམ་ཚུལ་བསྡུ་ལེན་བྱས་ཏེ་ཕེབས་རྒྱུ་རེད་མ་གཏོགས་དེ་ཚོའི་གྲས་ལམ་སང་འཕྲལ་དུ་སླེབས་ཀྱི་མ་རེད་ཅེས་འདི་སྐོར་བསམ་འཆར་འབུལ་རྒྱུ་བྱུང་།

དྲི་བ། དགེ་བཤེས་ལགས་ཀྱིས་གོང་དུ་བཀའ་གནང་བའི་ཁྲོད་ CASEL ཨ་རིར་ཡོད་པའི་ Collaboration for the Academic Social and Emotional Learning ལྟེ་གནས་ཁང་འདི་ནས་༧གོང་ས་མཆོག་གི་དགོངས་གཞི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་འདི་ཕྱིས་སུ་ཨ་རིའི་སློབ་གྲྭ་མང་པོ་ཞིག་དང་། དེང་སང་ཨཕ་རི་ཁའི་Africa སློབ་གྲྭ་མང་པོའི་ནང་ངོ་སྤྲོད་ཞུ་ཡི་ཡོད་པ་འདྲ། འདིའི་ནང་ཨིན་སྐད་ཐོག་སེམས་ཚོར་ (Emotional) སྟངས་འཛིན་བྱས་ཏེ་སློབ་མ་དང་གཞོན་སྐྱེས་ཀྱི་མི་ཚེ་བཟང་པོ་ཞིག་སྐྱེལ་རྒྱུའི་ཐོག་སློབ་སྟོན་གནང་གི་ཡོད་པ་འདྲ། འདི་དང་༧གོང་ས་མཆོག་གི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་བཀའ་སློབ་དབར་ཁྱད་པར་གཙོ་བོ་གང་ཞིག་ཡོད་པ་ཐུགས་ཞིབ་བྱུང་ཡོད་དམ།

ལན། ༧སྐྱབས་མགོན་རིན་པོ་ཆེས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སློབ་སྟོན་གནང་བའི་ནང་ Social Emotional ཞེས་པའི་ལས་འཆར་དེ་འདིའི་ནང་འདུས་ཀྱི་ཡོད་རེད། འོན་ཀྱང་ Social Emotional ཞེས་པ་འདིས་༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་ཆ་ཚང་སྒྲུབ་ཐུབ་ཀྱི་ཡོད་མ་རེད། དཔེར་ན། ༧སྐྱབས་མགོན་རིན་པོ་ཆེས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སློབ་རྒྱུའི་ནང་བྱམས་པ་གལ་ཆེན་པོ་དང་། མི་ལ་བརྩེ་བ་བྱེད་དགོས་པ། སྙིང་རྗེ་སྒོམ་དགོས་ཞེས་ལབ་ན་ཕན་ཐོགས་ཀྱི་མ་རེད་ཅེས་བཀའ་གནང་གི་ཡོད་རེད། དེ་མ་བྱས་ན་སྐྱེ་བ་ཕྱི་མ་དམྱལ་བར་ལྷུང་གི་རེད། དཀོན་མཆོག་གི་དགོངས་པ་དང་འགལ་གྱི་རེད། དེ་འདྲ་སོང་ཙང་དེ་བྱེད་དགོས་རེད་ཅེས་གསུང་རྒྱུ་འདི་ཚོ་ཆོས་ལུགས་པ་ཚོས་སློབ་སྟངས་རེད། འོ་ན་༧སྐྱབས་མགོན་རིན་པོ་ཆེས་བཀའ་ག་རེ་གནང་གི་ཡོད་དམ་ཞེ་ན། བྱེད་དགོས་རེད་ཅེས་ལབ་པ་གཅིག་པུས་ཤུགས་ཐེབས་ཀྱི་མ་རེད། དཔེར་ན། བྱམས་པ་དང་བརྩེ་བ་དེ་དག་ང་ཚོ་འགྲོ་བ་མིའི་རྩ་བའི་རང་བཞིན་གྱི་ཆ་ཤས་ཡིན་པ་དང་། ཇི་ཙམ་གྱིས་གཞན་ལ་བརྩེ་བ་བྱེད་ནུས་པ་དེའི་ཚོད་ཀྱིས་སོ་སོའི་སེམས་སྐྱིད་པ་དང་། ལྷོད་པ་ཡོང་བ། དངངས་སྐྲག་ཉུང་དུ་འགྲོ་བ་སོགས་ཡོང་གི་ཡོད་རེད། དངངས་སྐྲག་གི་རིགས་མང་དག་ཅིག་རང་འདོད་ཁོག་བཅུག་བྱས་ཏེ་ང་རྐྱང་རྐྱང་བསམ་དུས་སེམས་གུ་དོག་པོ་ཆགས་ནས་དངངས་སྐྲག་ཆེ་རུ་འགྲོ་ཡི་ཡོད་རེད། ཇི་ཙམ་སེམས་གུ་ཡངས་ཡོད་པ་དེའི་ཚོད་ཀྱིས་དངངས་སྐྲག་ཀྱང་ཉུང་དུ་འགྲོ་བ་དང་། སེམས་ཀྱི་འགྲོ་སྟངས་ཀྱི་ཐོག་ནས་བཟང་ངན་གྱི་ཁྱད་ཆོས་དེ་དག་བཤད་པ་ལས། དགེ་བ་དང་སྡིག་པ་སོགས་ཆོས་ཀྱི་སྐད་ཆ་དེ་མ་བཤད་པར། སོ་སོ་ལ་ཕན་པའི་རིགས་ཅན་གང་འདུག གནོད་པའི་རིགས་ཅན་གང་འདུག ཕན་གནོད་ཀྱི་ཐ་སྙད་ཐོག་ནས་སེམས་ཀྱི་འགྲོ་སྟངས་དེ་བསླབ་དགོས་ཀྱི་འདུག་ཅེས་བཀའ་གནང་གི་ཡོད་རེད། འདིའི་སྐོར་གང་འཚམས་ཤིག་ Social Emotional Learning ཞེས་པའི་ནང་ཚུད་ཀྱི་ཡོད་རེད། འོ་ན་འདིའི་ནང་ག་རེ་འདང་གི་ཡོད་མ་རེད་ཟེར་ན། ༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་ལ་བྱམས་བརྩེའི་རིགས་འདི་བློ་སྦྱོང་ཚུལ་རང་གི་ཐོག་ནས་སློབ་ཐུབ་པ་དང་གཅིག འདིའི་ཐོག་འགྲོ་བ་མིའི་རིན་ཐང་བྱེ་བྲག་པ། དཔེར་ན། བཟོད་སེམས་བསྟེན་པ་དང་། གཞན་ལ་བརྩེ་བ་བྱེད་པ། རང་སྲུང་འདི་ཚོའི་གྲས་རྣམས་ཆོས་ཀྱི་བསླབ་བྱའི་ཁྲོད་མང་པོ་ཡོད་ཀྱང་ཆོས་དང་དམིགས་བསལ་འབྲེལ་མི་དགོས་པར་སློབ་ཐུབ་ཅེས་དང་། གང་ལྟར་འདི་དག་ནི་ Ethics ཞེས་པ་དེའི་ཐོག་ནས་སློབ་ཐུབ་ཅེས་གསུང་གི་ཡོད་རེད། Social Emotional Learning ཟེར་བའི་ནང་བླང་དོར་གྱི་ཚུལ་ Ethics ཞེས་པའི་ཐ་སྙད་དེ་ཁོང་ཚོས་ཆོས་དང་འབྲེལ་བའི་ཉེན་ཁ་ཞིག་ཏུ་མཐོང་སྟེ་བེད་སྤྱོད་བྱེད་ཀྱི་ཡོད་མ་རེད། ༧སྐྱབས་མགོན་རིན་པོ་ཆེས་ Ethics ཞེས་པའི་ཐ་སྙད་དེ་བེད་སྤྱོད་བྱས་ཀྱང་ངེས་པར་དུ་ཆོས་འཁྱེར་མི་དགོས། གང་ཡིན་ཟེར་ན། Ethics ནི་བླང་དོར་ཚུལ་ཁྲིམས་ཀྱི་སྐོར་ཡིན་པ་དང་། བླང་དོར་ཚུལ་ཁྲིམས་ནི་རང་དང་གཞན་ལ་ཕན་པའི་རིགས་ཅན་འདི་ལེགས་པར་བཞག་ཅིང་། རང་གཞན་གཉིས་ཀར་གནོད་པའི་རིགས་ཅན་འདི་མི་དགོས་པར་བཞག་ནས་རང་དང་གཞན་ལ་ཕན་གནོད་ཀྱི་ཐོག་ནས་བླང་དོར་ཚུལ་ཁྲིམས་ཀྱི་འགྲེལ་བཤད་རྒྱག་ཐུབ་ཀྱི་རེད་ཅེས་གསུང་གི་ཡོད། Social Emotional Learning ཞེས་པ་འདིའི་ཐོག་ལ་ཆ་ཤས་འགའ་ཞིག་ཁ་སྣོན་རྒྱག་དགོས་ཀྱི་ཡོད། དེ་འདྲ་ཡིན་ཙང་ཨེ་མོ་རི་མཐོ་སློབ་ཁང་ནས་འབྲས་སྤུངས་བློ་གླིང་གི་དགེ་བཤེས་ལྷ་རམས་པ་བློ་བཟང་བསྟན་འཛིན་ལགས་ཀྱིས་ཐུགས་འགན་བཞེས་ནས། ད་ལྟ་ཨེ་མོ་རི་སློབ་གྲྭའི་ནང་ Social Emotional Learning ནང་གི་རྩ་བའི་སྒྲོམ་གཞི་དེ་བཞག་པའི་ཐོག་ཁ་སྣོན་བརྒྱབ་ནས་༧སྐྱབས་མགོན་རིན་པོ་ཆེའི་ཐུགས་བཞེད་ཆ་ཚང་འགྲུབ་པ་ཞིག་ཡོང་རྒྱུའི་བསམ་བློ་གཏོང་གི་ཡོད་རེད། དེ་བཞིན་སེམས་དང་སྲོག་གི་ཚོགས་པའི་ཐོག་ནས་ཚོད་བལྟའི་ཆེད་སྙིང་རྗེ་རྩ་བར་བཞག་སྟེ་བློ་སྦྱོང་རྒྱུའི་སློབ་ཚན་ curriculum གཅིག་བཟོས་ཡོད་རེད། དེ་བཞིན་རིམ་པས་༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དང་མཐུན་པའི་སྒོ་ནས་ Social Emotional Learning རྩ་བར་བཞག་ནས་སྒྲོམ་གཞི་འདི་ཆེ་རུ་གཏང་སྟེ་ཨིན་སྐད་ནང་སྔོན་མ་མཉེན་ཆས་ཀྱི་རིགས་ཐོན་སྐབས་ཐོན་རིམ་གྱི་རིམ་པ་ 1.0, 2.0 ཟེར་བ་ཐོན་གྱི་ཡོད་པ་བཞིན། ད་ལྟ་ Social Emotional Learning 2.0 ཟེར་བ་ཞིག་འདོན་དགོས་ཀྱི་ཡོད་རེད། ད་ལྟ་ཨེ་མོ་རི་དང་ Mind & Life ཚོགས་པའི་ལས་འགུལ་དེ་དག་གི་ཐོག་ནས་ Social Emotional Learning 2.0 ཟེར་བ་ཞིག་འདོན་འཆར་ཡོད་པ། གལ་ཏེ་དེབ་དེ་ཐོན་པ་ཡིན་ན་༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་མཐའ་དག་གམ་ཆ་ཚང་བ་ཞིག་སྒྲུབ་ཐུབ་ཀྱི་རེད། སོ་སོའི་མྱོང་ཚོར་སྟངས་འཛིན་བྱེད་རྒྱུ་ཙམ་མིན་པར་སོ་སོའི་མྱོང་ཚོར་དང་མི་ལ་འབྲེལ་བ་བྱེད་ཕྱོགས་རྩ་བར་བཞག་ནས་ཇི་ཙམ་གྱིས་སོ་སོའི་ཡོན་ཏན་བཟང་པོ་དེ་དག་སྤེལ་ཐུབ་པ་དང་། དེ་ཡང་ཕན་གནོད་ཀྱི་རིགས་ཅན་བསམ་བློ་འཁོར་བའི་ཐོག་ནས་ཕན་ཐོགས་རྒྱུ་དང་། སེམས་བཟང་པོ་ཡོང་བ། སྙིང་རྗེ་ཅན་གྱི་མི་ཞིག་ཏུ་འགྱུར་ཐུབ་རྒྱུ་བཅས་པ་འདི་དག་མང་པོ་ཞིག་གིས་ཐབས་ཤེས་བྱེད་ཀྱི་ཡོད་རེད།

དྲི་བ། སེམས་དང་སྲོག་གི་སྐོར་དེ་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཐུན་མོང་མ་ཡིན་པའི་མཛད་འཕྲིན་ཞིག་ཆགས་ཀྱི་ཡོད་རེད། འདས་པའི་ལོ་ངོ་སུམ་ཅུ་ལྷག་ཙམ་ནས་ནུབ་ཕྱོགས་པའི་ཚན་རིག་པ་འདྲ་མིན་དང་། ནང་པའི་མཁས་པའི་དབར་བསམ་ཚུལ་བརྗེ་ལེན་དང་བློ་སྐྱེད་ཡོང་ཐབས་ལ་དམིགས་པ་ཞིག་ཆགས་ཀྱི་འདུག སེམས་དང་སྲོག་གི་ནང་དགེ་བཤེས་ལགས་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་གནང་བཞིན་པ་ཡིན་པས། ད་བར་གྱི་གྲུབ་དོན་ནམ་ཉམས་ཞིབ་གནང་བ་ཁག་དང་། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་གཉིས་དབར་འབྲེལ་བ་ཞིག་གཟིགས་ཀྱི་ཡོད་དམ།

ལན། སེམས་དང་སྲོག་གི་ཚོགས་པ་ཞེས་པ་ཚན་རིག་གི་ཞིབ་འཇུག་སྡེ་ཚན་ཞིག་ཡིན་ཙང་ཚོགས་པའི་ངོས་ནས་བཟང་སྤྱོད་དང་བླང་དོར་ཚུལ་ཁྲིམས་སྤེལ་རྒྱུའི་ལས་འགུལ་དེ་ཡོད་མ་རེད། ཚན་རིག་གི་འགྲོ་སྟངས་དེ་ཡུལ་དངོས་པོའི་རང་བཞིན་ཅི་ཞིག་ཡིན་མིན་དཔྱད་པ་བྱེད་པ་ལས། ཁྱེད་རང་ཚོས་འདི་བྱེད་དགོས། དེ་བྱེད་རྒྱུ་ཡོད་མ་རེད། ཅེས་བརྗོད་ཚུལ་དེ་ཚན་རིག་གི་སྡེ་ཚན་ནང་སྤྱིར་བཏང་གི་འགྲོ་སྟངས་ཤིག་ཡོད་མ་རེད། ཚན་རིག་འདི་ཡུལ་དངོས་པོའི་རང་བཞིན་ལ་དཔྱད་པ་བྱེད་རྒྱུ་དང་དཔྱད་པ་བྱས་པའི་གྲུབ་དོན་དེ་སྤྱི་ཚོགས་ལ་གསལ་བཤད་བྱེད་རྒྱུ་རེད། དེ་ལག་ལེན་བསྟར་མིན་ནི་ཆབ་སྲིད་དང་ཤེས་ཡོན་སྲིད་བྱུས་དང་མང་པོ་ཞིག་གི་ཐོག་ནས་འགྲོ་དགོས་པ་རེད། ཡིན་ནའང་༧སྐྱབས་མགོན་རིན་པོ་ཆེས་དགོངས་གཞི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སྤེལ་རྒྱུ་དང་སེམས་དང་སྲོག་གི་ལས་ཀ་གཉིས་དབར་འབྲེལ་བ་ཆེན་པོ་ཞེ་དྲག་ཡོད་རེད། དཔེར་ན། སྙིང་རྗེའི་བློ་སྐྱེ་སྐབས་ལུས་སེམས་ལ་འགྱུར་བ་གང་འདྲ་འགྲོ་མིན་དང་། ཀླད་པར་འགྱུར་བ་ཇི་ལྟར་འགྲོ་མིན་འདི་ཚོ་ཚང་མ་སེམས་དང་སྲོག་གི་ནང་ཡོད་པའི་ཚན་རིག་པ་མང་དག་ཅིག་གིས་གསར་གཏོད་དང་ཞིབ་འཇུག་བྱས་པའི་གྲུབ་འབྲས་ཀྱང་ཆགས་ཡོད། དེ་བཞིན་དྲན་པ་ཉེར་བཞག་དང་ནང་པའི་གཞུང་ལས་བཤད་པའི་སྙིང་རྗེའི་བློ་སྦྱོང་རྒྱུ་དང་སྒོམ་རྒྱུ་དེ་ཚོ་རྩ་བར་བཞག་སྟེ་ཆོས་དང་དམིགས་བསལ་འབྲེལ་མི་དགོས་པའི་ཐོག་ནས་སློབ་སྐབས་ཀྱང་དེང་སང་སེམས་ནད་བཅོས་ཐབས་ Therapy ཀྱི་སྐོར་ལ་ཤུགས་ཆེ་རུ་འགྲོ་བཞིན་པ་རེད། དཔེར་ན། ཞུམ་སེམས་ (Depression) ཞེས་པའི་ནད་གཞི་འདིའི་ཁོངས་སུ་སྤྱིར་བཏང་ནུབ་ཕྱོགས་ཙམ་མིན་པར་རྒྱལ་ཁབ་མང་པོའི་ནང་དཀའ་ངལ་ཆེན་པོ་ཡོད་པ་དང་། ན་ཚ་འདི་བྱུང་བའི་རྗེས་སུ་བསྐྱར་ལོག་རྒྱག་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པས་དེ་བསྐྱར་ལོག་མི་ཡོང་བའི་ཆེད་སྨན་སྤྲོད་པ་ལས་བློ་སྦྱངས་ནས་དྲན་པ་ཉེར་བཞག་ལ་བརྟེན་ན་ནུས་པ་ཆེ་བ་ཐོན་པ་དེ་མངོན་གསལ་དོད་པོ་ཡོང་གི་ཡོད་རེད། དེ་བཞིན་ཆང་རག་དང་ཐ་མག་ཉལ་ཐ་ལ་སོགས་པའི་རྫས་ལ་ངན་པ་ལང་ཤོར་བྱུང་སྟེ་ (Addiction) གོམས་གཤིས་ཐེབས་མཁན་ཚོ་ལའང་བློ་སྦྱོང་རྒྱུ་རྩ་བར་བཞག་པའི་སྙིང་རྗེ་སྒོམ་རྒྱུ་ལའང་ཤུགས་རྐྱེན་ཞིག་ཐེབས་ཀྱི་ཡོད་རེད། ལྷག་པར་དུ་དམག་མི་ཚོ་དམག་སར་ཕྱིན་ནས་ཚུར་ཡོང་སྐབས་དངངས་སྐྲག་གི་ཐོག་ནས་མི་གསོད་ཁྲག་སྦྱོར་གྱི་དཀའ་ངལ་ཚབས་ཆེ་འཕྲད་པས་སེམས་ལ་རྨ་ཤུལ་ལུས་ཏེ། trauma ཟེར་བ་དེ་འདྲའི་དཀའ་ངལ་འཕྲད་སྐབས་སྨན་རང་གི་ཐོག་ནས་བཅོས་བྱེད་མི་ཐུབ་པ་མང་དག་ཅིག དཔེར་ན། ངའི་ལས་ཀ་བྱེད་ས་ Stanford ལ་ངས་སྙིང་རྗེའི་བློ་སྦྱོང་རྒྱུའི་ལས་རིམ་ཞིག་སྤེལ་ཡོད། འདི་བདུན་ཕྲག་བརྒྱད་དང་བདུན་རེའི་ནང་ཆུ་ཚོད་གཉིས་རེ་སྒོམ་རྒྱུ་ཞིག་ཡོད་རེད། འདི་བེད་སྤྱོད་བྱེད་སྐབས་དམག་མི་ཟུར་པའི་རིགས་མང་པོ་ཞིག་ལ་སྨན་གྱིས་བཅོས་མི་ཐུབ་པའི་ཕན་ཐོགས་ཤིག་ཡོང་གི་འདུག འདི་ཚོའི་གྲས་དེ་མིག་གིས་མཐོང་གི་ཡོད་པས་ཚན་རིག་པ་མང་པོ་ཞིག་གིས་ནང་པའི་མཁས་པ་དང་བགྲོ་གླེང་བྱེད་རྒྱུ་དང་། ལྷག་པར་དུ་༧སྐྱབས་མགོན་རིན་པོ་ཆེར་བརྩི་མཐོང་ཞུ་ཡི་ཡོད་པ་དང་། ༧སྐྱབས་མགོན་རིན་པོ་ཆེས་ལམ་དེ་གསར་གཏོད་མཛད་པ་རེད། ཐོག་མ་བརྒྱད་ཅུའི་འགོ་སྟོད་ནས་བཟུང་ནང་པའི་གཞུང་ནས་སེམས་ཁམས་རིག་པའི་སྐོར་ལ་བཤད་པ་ཕྱུག་པོ་ཡོད་པ་ཙམ་མ་མིན་པར་དེ་རྩ་བར་བཞག་པའི་བློ་སྦྱོང་རྒྱུའི་ཐབས་ཤེས་ཀྱང་ཡོད་རེད། དེ་ཚན་རིག་པ་དང་ཟུང་འབྲེལ་ཐོག་བགྲོ་གླེང་བྱེད་རྒྱུའི་ཐབས་ཤེས་ཡོད་མ་རེད་དམ་ཞེས་བཀའ་གནང་བའི་རྐྱེན་གྱིས་དེང་སང་ Contemplative Science ཞེས་ཚན་རིག་གི་སྡེ་ཚན་གསར་པ་ཞིག་ཆགས་ཡོད་རེད། སྡེ་ཚན་གསར་པ་འདིའི་སྐོར་འགྲེལ་བརྗོད་བྱེད་མཁན་བློ་གཟུ་བོར་གནས་པའི་མཁས་པ་མང་ཆེ་བས་སྡེ་ཚན་གསར་པ་དེ་བྱུང་བའི་འབྱུང་རྐྱེན་གཙོ་བོ་ཞིག་༧སྐྱབས་མགོན་རིན་པོ་ཆེའི་ཕྱག་ལས་ལ་རག་ལུས་པ་རེད་ཅེས་གསུང་གི་ཡོད། སེམས་དང་སྲོག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ག་རེ་ཡོད་ཟེར་ན། སྤྱིར་བཏང་ཚན་རིག་པ་མང་དག་ཅིག་གིས་ང་རང་ཚོའི་མྱོང་བའི་ཐོག་ནས་འགྲེལ་བཤད་རྒྱག་སྐབས་ཕྱི་ལོགས་ནས་ཕར་བལྟས་པའི་འགྲེལ་བཤད་མ་གཏོགས་ལུས་པོའི་རྣམ་འགྱུར་དང་རྩའི་འགྱུར་བ་འགྲོ་སྟངས་དང་ཁྲག་ཡར་རྒྱུག་མར་རྒྱུག་དང་། ཀླད་པར་ཆ་བཞག་ན་ཀླད་པའི་ཀླད་རྩ་འཕར་སྟངས་དང་། ཀླད་རྩའི་མཐུད་ཀ་ཀླད་རྩའི་ནང་རྒྱུ་བཞིན་པའི་རྫས་དེ་དག་གི་རྣམ་འགྱུར་གྱི་ཐོག་ནས་འགྲེལ་བཤད་བརྒྱབ་པ་མ་གཏོགས། གང་ཟག་བྱེ་བྲག་པ་ཁོ་རང་གིས་མྱོང་བའི་ཐོག་ནས་སེམས་ལ་རྣམ་རྟོག་འདི་འཆར་གྱི་འདུག་ཅེས་པའི་འགྲེལ་བཤད་བརྒྱབ་རྒྱུ་ཡོད་མ་རེད། ཚན་རིག་པ་ཚོས་འགྲེལ་བཤད་རྒྱག་རྒྱུ་དེ་ནི་ཕྱི་ལོགས་ནས་ཡར་བལྟས་པའི་འགྲེལ་བཤད་རྐྱང་པ་མ་གཏོགས་ཡོད་མ་རེད། ནང་པའི་གཞུང་ནས་འགྲེལ་བརྗོད་བསྐྱོན་རྒྱུ་མང་ཆེ་བ་ཞིག་གང་ཟག་བྱེ་བྲག་པ་ཁོ་རང་གི་མྱོང་བའི་ཐོག་ནས་མར་གཟིགས་པའི་འགྲེལ་བཤད་ཆགས་ཀྱི་ཡོད། གང་ལྟར་སེམས་དང་འབྲེལ་བའི་འགྲེལ་བཤད་འདི་ནང་པའི་གཞུང་ནང་ཧ་ཅང་ཕྱུག་པོ་ཡོད་པ་དང་། ཀླད་པ་དང་ལུས་དང་འབྲེལ་བའི་འགྲེལ་བཤད་དེ་ཚན་རིག་པའི་གཞུང་ནང་ཕྱུག་པོ་ཞེ་དྲག་ཡིན་སྟབས་སེམས་དང་སྲོག་གི་ཚོགས་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི་དེ་གཉིས་ཟུང་འབྲེལ་གྱི་ཐོག་ནས་འགྲོ་ཡི་ཡོད་རེད། འགྲེལ་བཤད་དེ་གཉིས་ཟུང་འབྲེལ་ངང་འགྲོ་བ་འདི་དེ་སྔ་ཚན་རིག་པ་ཚོའི་བློར་མི་ཤོང་བའི་ཐབས་ལམ་གསར་པ་ཞིག་དང་། ཚན་རིག་རང་གི་ནང་ལ་བྱས་རྗེས་ཆེན་པོ་ཆགས་པ་རེད། དེར་བརྟེན་༧སྐྱབས་མགོན་རིན་པོ་ཆེས་ཕལ་ཆེར་ཕྱི་ལོ་ ༢༠༠༧ དེ་འདྲ་ཞིག་ལ་རྒྱལ་སྤྱིའི་ཀླད་རྩའི་ཚན་རིག་པ་ཚོའི་རྒྱལ་ཡོངས་ཚོགས་ཆེན་སྟེང་ཐོག་མའི་གསུང་བཤད་གནང་མཁན་དེར་༧གོང་ས་མཆོག་གདན་འདྲེན་ཞུས་པ་རེད། དངོས་གནས་བྱས་ན་ཚན་རིག་གི་རྒྱལ་ཡོངས་ཚོགས་འདུའི་སྐབས་༧སྐྱབས་མགོན་རིན་པོ་ཆེ་གདན་འདྲེན་ཞུ་རྒྱུར་འབྲེལ་བ་མེད་ཀྱང་། ༧སྐྱབས་མགོན་རིན་པོ་ཆེས་ཚན་རིག་གི་ཐོག་ལ་དམིགས་བསལ་གྱི་མཛད་རྗེས་རླབས་ཆེན་འཇོག་གནང་བའི་རྒྱུ་མཚན་གྱིས་ཡིན་པ་རེད།

དྲི་བ། དགེ་བཤེས་ལགས་ད་ལྟ་བོད་པའི་སློབ་གྲྭའི་ཁག་ཏུ་ཤེས་ཡོན་གྱི་ངོ་བོའི་ཐོག་ནས་བསླབ་གཞིའི་ཁོངས་སུ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་བཀའ་སློབ་ལམ་སྟོན་དང་འབྲེལ་བའི་ལས་འཆར་ཞིག་འགྲོ་བཞིན་པ་རེད། སློབ་གྲྭ་ཁག་ལ་དངོས་སུ་ལག་བསྟར་གནང་སྐབས་གང་འདྲ་ཞིག་ཡོང་གི་རེད་དགོངས་ཀྱི་འདུག དམའ་རིམ་སློབ་གྲྭ་ནས་འགོ་འཛུགས་གནང་གི་ཡོད་དམ། སློབ་ཚན་གང་འདྲ་ཡིན་ནམ། དུས་ཡུན་ཇི་ཙམ་འགོར་མིན་སོགས་ངོ་སྤྲོད་ཅིག་གནང་རོགས་གནང་།

ལན། ངའི་རེ་བ་ལྟར་ན་ཤེས་རིག་དང་བོད་ཁྱིམ་གྱི་ཁོངས་ན་སློབ་གྲྭ་མང་པོ་ཞིག་ཡོད་རེད་ལ། དེ་མིན་སྒེར་པའི་སློབ་གྲྭ་ཁག་ཁ་ཤས་ཡོད་སྟབས། སློབ་གྲྭའི་དབུ་བཞུགས་དང་དགེ་རྒན་གནད་ཡོད་ཚོ་སྔོན་ལ་ཚུར་རུབ་རུབ་བྱས་ཏེ་བཀའ་མོལ་ཞིག་གནང་ཐུབ་ན་ཡག་པོ་ཡོད་རེད། དེ་འདྲའི་སྐབས་ལ་ནུབ་ཕྱོགས་པའི་སློབ་གྲྭ་ཁག་ལ་ Social Emotional སློབ་མཁན་གྱི་ཉམས་མྱོང་ཅན་རེ་གཉིས་སྐད་བཏང་སྟེ། གང་ལྟར་ཕྲུ་གུ་ཆུང་དུས་ནས་སློབ་སྐབས་གནད་འགག་གཅིག་གང་ཡོད་རེད་ཅེ་ན། སློབ་ཚན་དེ་དག་བཟོ་སྐབས་ངེས་པར་ཕྲུ་གུའི་ཐོག་དཔྱད་པ་བྱེད་མཁན་གྱི་སེམས་ཁམས་རིག་པའི་ཚན་རིག་པ་དེ་འདྲ་སྐད་གཏང་དགོས། གང་ལགས་ཤེ་ན། ཕྲུ་གུ་ཆུང་ཆུང་གི་ལོ་ཚད་དང་བསྟུན་ཏེ་ཀླད་པས་བྱ་བ་ཇི་ལྟར་བྱེད་ཀྱི་ཡོད་མེད་ཚན་རིག་པས་འགྲེལ་བཤད་རྒྱག་གི་ཡོད་རེད། དཔེར་ན། ཕྲུ་གུ་ཆུང་ཆུང་ལ་ཆ་མཚོན་ན། ངས་ཕྲུ་གུ་གཉིས་གསོ་སྐྱོང་བྱས་པ་ཡིན་ཙང་། ཕྲུ་གུ་ལོ་གཉིས་ཙམ་མ་སླེབས་བར་དུ་ང་ཞེས་རྩ་བ་ནས་ལབ་ཀྱི་མི་འདུག སོ་སོའི་མིང་ནས་བོས་པ་མ་གཏོགས། དཔེར་ན། ཚེ་རིང་ལྟ་བུ་ཞིག་ཡིན་ན་ཚེ་རིང་འདི་ལ་དགའ་པོ་ཞེ་དྲག་ཡོད་རེད། ཚེ་རིང་ལ་འདི་དགོས། པདྨ་ལ་འདི་དགོས་ཞེས་ལབ་པ་ལས་ང་དང་ཁྱོད་ཅེས་བརྗོད་ཀྱི་མི་འདུག བྱས་ཙང་ང་དང་ཁྱོད་ཅེས་ལས་སླ་པོ་རང་མི་འདུག ཕྲུ་གུའི་སྐད་ཆ་ཤོད་སྟངས་ཀྱི་ཐོག་ནས་བློའི་རིམ་པ་དེ་ཇི་ཙམ་སླེབས་མིན་ང་ཚོས་རོབ་ཙམ་ཞིག་ཚོད་དཔག་བྱེད་ཐུབ་ཀྱི་འདུག རྗེས་སུ་སློབ་ཚན་བཟོ་སྐབས་ཕྲུ་གུའི་སེམས་ཁམས་རིག་པའི་ཐོག་ཞིབ་འཇུག་དམིགས་བསལ་བྱེད་མཁན་གྱི་ཆེད་ལས་པ་དེ་འདྲ་སྐད་གཏོང་རྒྱུ་གལ་ཆེན་པོ་རེད། དཔེར་ན། ནུབ་ཕྱོགས་པར་མཚོན་ན་ལོ་དྲུག་ལ་མ་སོན་བར་དུ་སྔོན་འགྲོའི་སློབ་གྲྭར་སྡོད་དགོས་པ་ལས་སྔོན་འགྲོའི་སློབ་གྲྭར་ཡི་གེ་རྩ་བ་ནས་སློབ་ཀྱི་མ་རེད། དེ་སྐབས་རི་མོ་དང་རྩེད་མོ་སོགས་ཀྱི་ཐོག་ནས་གང་ལྟར་ཕྲུ་གུའི་ཀླད་པ་ལྷུག་ཏུ་གཏོང་གི་ཡོད་རེད། གཞན་ཡི་གེ་སློབ་སྐབས་སྒྲིག་འཛུགས་སློབ་ཀྱི་ཡོད་པས་དེ་འདྲ་མིན་པར་ཕྲུ་གུའི་ཀླད་པའི་སྒོ་འབྱེད་དུ་བཅུག་སྟེ། རྩེད་མོ་རྩེ་བ་དང་། རི་མོ་འབྲི་བ། མྱོང་ཚོར་གྱི་སྐོར་ཤོད་པའི་སྐབས་སུ་ཁོང་ཚོར་རླུང་ལངས་པ་དང་། ཞེད་སྣང་སྐྱེས་པ། དངངས་སྐྲག་སྐྱེས་པ། སེམས་ཕམ་པ། དེ་བཞིན་སེམས་ཧ་ལས་པ་སོགས་གདོང་པའི་རྣམ་འགྱུར་གྱི་རི་མོ་བྲིས་ཏེ་ཕྲུ་གུ་ཚོར་མིང་བཏགས་ནས་ཁོ་རང་ཚོ་མ་སྐྱིད་པའི་སྐབས་དེ་དག་བསྟན་ནས་ཁྱེད་རང་གི་ཉམས་མྱོང་གྱི་ཐོག་ནས་འདི་དང་འདིར་གང་བྱས་འདུག་ཅེས་འདྲི་དུས་ཕྲུ་གུ་ཚོས་སྐད་ཆ་ཤོད་ཐུབ་ཀྱི་ཡོད་ཙང་མྱོང་ཚོར་གྱི་སྐོར་སློབ་ཐུབ་ཀྱི་ཡོད། དེ་བཞིན་དྲན་པ་ཉེར་བཞག་གི་སྒོམ་སྒྲུབ་རྩ་བར་བཞག་པའི་དབུགས་འབྱུང་རྔུབ་དང་། དེའི་ཐོག་བློ་ལྷིང་འཇགས་རྒྱུའི་གྲས་དེ་ཚོ་སློབ་ཀྱི་ཡོད་རེད། དེ་མཚུངས་ང་ཚོ་བོད་པའི་ནང་སློབ་མི་ཐུབ་པ་གང་ཡང་ཡོད་མ་རེད། རིམ་པ་གང་འདྲ་ཞིག་གི་ཐོག་ནས་སློབ་དགོས་མིན་དང་། ང་ཚོ་བོད་པའི་སྤྱི་ཚོགས་ནང་ནང་པའི་ལྟ་བ་འདི་ཁྱབ་ཆེན་པོ་ཡོད་ཙང་ངེས་པར་ཨུ་ཚུགས་བརྒྱབ་སྟེ་ཆོས་དང་མ་འབྲེལ་བ་བཟོ་དགོས་པ་གང་ཡང་ཡོད་མ་རེད། ཡིན་ནའང་གཙོ་བོ་སློབ་སྟངས་དེར་སྐྱེ་བ་སྔ་ཕྱི་དང་། ལས་རྒྱུ་འབྲས། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་སོགས་པ་ཆོས་ཀྱི་ཐ་སྙད་བེད་སྤྱོད་མ་བྱས་པར་ནང་ཆོས་རང་གི་གཞུང་ནས་གསུངས་པ་རྣམས་ལེགས་ཆ་ལེན་རྒྱུར་དཀའ་ངལ་ཡོད་མ་རེད། ནུབ་ཕྱོགས་ལ་ཡིན་ན་མགོན་པོ་ཀླུ་སྒྲུབ་ཀྱིས་དེ་འདྲ་གསུངས་འདུག་ཅེས་བརྗོད་པ་ཡིན་ན། མགོན་པོ་ཀླུ་སྒྲུབ་སུ་ཞིག་ཡིན་མིན་རྩད་གཅོད་བྱེད་སྐབས་ནང་པའི་མཁས་པ་ཞིག་ཡིན་པར་མངོན་ཚེ་སློབ་གྲྭའི་ཤེས་ཡོན་སྡེ་ཚན་དུ་ནང་པ་ལྟག་སྒོ་ནས་སླེབས་ཀྱི་འདུག་ཟེར་བའི་སྐད་ཆ་ཡོད་རེད། ང་ཚོ་བོད་པའི་སྤྱི་ཚོགས་ནང་འདིའི་དཀའ་ངལ་ཡོད་མ་རེད། གང་ལྟར་མགོན་པོ་ཀླུ་སྒྲུབ་ཀྱི་གསུང་དང་། རྗེ་རིན་པོ་ཆེའི་གསུང་སོགས་གང་ཡིན་རུང་དྲང་ཆོག་གི་རེད། དཔེར་ན་རྗེ་ཙོང་ཁ་པ་ཆེན་པོས། །སེམས་པ་བཟང་ན་ས་དང་ལམ་ཡང་བཟང་། །སེམས་པ་ངན་ན་ས་དང་ལམ་ཡང་ངན། །ཐམས་ཅད་བསམ་པ་དག་ལ་རག་ལུས་པས། །ཞེས་པའི་ཚིགས་བཅད་སྙིང་རྗེ་པོ་དེ་ཚོའི་རིགས་དྲང་རྒྱུར་ང་ཚོར་དཀའ་ངལ་གང་ཡང་ཡོད་མ་རེད། དེ་བཞིན་སློབ་གྲྭའི་ནང་༧སྐྱབས་མགོན་རིན་པོ་ཆེའི་གསུང་དྲང་རྒྱུར་ཡང་དཀའ་ངལ་གང་ཡང་ཡོད་མ་རེད། ཡིན་ནའང་སློབ་སྟངས་འདི་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ཀྱི་ཐོག་ནས་མ་ཡིན་པར་ཁ་ཚ་དགོས་གཏུགས་ཀྱི་སྒོ་ནས་ཕྲུ་གུ་སོ་སོའི་ཉམས་མྱོང་དང་། སེམས་སྐྱིད་མ་སྐྱིད་དང་བདེ་སྐྱིད་སོགས་དང་འབྲེལ་ནས། ཕྲུ་གུ་ཚོ་གཤིས་ཀ་འཇམ་པོ་དང་སེམས་པ་བཟང་པོ་ཡོད་ན་གྲོགས་པོ་གྲོགས་མོ་ཡིན་ནའང་མང་བ་ཡོང་གི་རེད། གྲོགས་པོ་གྲོགས་མོ་མང་བ་ཡོད་ན་རྩེད་མོ་རྩེ་རོགས་མང་བ་ཡོང་གི་རེད། ཇི་ཙམ་གྱིས་རྩེད་མོ་རྩེ་ཐུབ་པ་དེའི་ཚོད་ཀྱིས་ཉི་མ་དེའི་རིང་ལ་སྐྱིད་པ་ཡོང་གི་རེད། དེ་ཚོའི་ཐོག་ནས་འགྲེལ་བཤད་བརྒྱབ་སྟེ་བཟང་སྤྱོད་འདི་རིགས་སློབ་ཐུབ་པའི་གོ་སྐབས་ཡོད་པ་མ་ཟད། ང་རང་ཚོ་བོད་པའི་སྤྱི་ཚོགས་ནང་དེ་བས་ཀྱང་གོ་སྐབས་མང་བ་ཡོད་རེད། ཡིན་ནའང་སྤྱི་ཚོགས་ཀྱི་གནས་སྟངས་འདིའི་འོག་གལ་ཆེ་ཤོས་དབུ་ལ་བཞུགས་མཁན་དང་། ལྷག་པར་དུ་དགེ་རྒན་རྣམ་དཔྱོད་ལྡན་པ་ཚོས་འདིའི་རིགས་ལ་ཐུགས་སྣང་གནང་བ་ཡིན་ན་ཨིན་ཇིའི་ནང་ཡིག་ཆ་འདྲ་མིན་མང་པོ་ཡོད་རེད། ༧སྐྱབས་མགོན་རིན་པོ་ཆེའི་ཕྱག་དེབ་ཀྱང་ཡོད་རེད། ད་ལྟ་ཨེ་མོ་རིར་བསླབ་གཞི་སྒྲིག་བཞིན་པ་རེད། དེ་ཚོའི་ཁྲོད་ནས་ཀྱང་ལེགས་ཆ་ལེན་ཏེ་སྔོན་ལ་ཚོད་བལྟའི་ངང་འགོ་བཙུགས་པ་ཡིན་ན། དགེ་རྒན་ཚང་མ་གཅིག་པ་མིན་པར་རིགས་འགའ་ཤས་སྐད་ཆ་བཤད་རྒྱུ་དང་སྒྲུང་ཤོད་སྟངས་ལ་མཁས་པོ་དེ་འདྲ་ཡོང་སྲིད་པ་རེད། དེ་ནི་སོ་སོའི་ཐུན་མོང་མ་ཡིན་པའི་གཤིས་ཀ་རེད། དེ་འདྲའི་ཐོག་ནས་ཏོག་ཙམ་ཤོད་མཁས་པ་འདི་ཚོའི་རིགས་ལ་དམིགས་བསལ་གྱི་ཟབ་སྦྱོང་སྤྲད་པ་བརྒྱུད་དབུ་བཙུགས་པ་ཡིན་ན་ཏན་ཏན་ཁྱད་པར་ཡོང་གི་རེད་བསམ་གྱི་འདུག དཔེར་ན། བོད་ཁྱིམ་ཁག་ལ་ཆ་མཚོན་ན། སྔོན་མ་བོད་པའི་ལུགས་སྲོལ་ཡིན་སྟབས་ཉེས་པ་གཏོང་སྐབས་ལག་འཇུག་བྱེད་ཀྱི་ཡོད་རེད་དེ་ད་ཆ་མི་ཆོག་པ་བཟོས་ཚར་བ་རེད། ཡིན་ཡང་སྒྲིག་ཁྲིམས་གཅིག་ཉར་དགོས་པ་དང་ཉར་སྟངས་དེ་ཡང་ལག་འཇུག་བྱས་པ་དང་གཤེ་གཤེ་བཏང་ནས་ཉར་རྒྱུ་དང་། ཡང་ན་ཕྲུ་གུར་འགྲེལ་བཤད་བརྒྱབ་སྟེ་ཕྲུ་གུས་ཁེ་ཕན་དེ་མཐོང་ནས་སྒྲིག་འཛུགས་ལེགས་པོ་ཞིག་བཟོ་དགོས་ཀྱི་ཡོད་རེད། དེ་འདྲ་སོང་ཙང་ད་ལྟ་༧སྐྱབས་མགོན་རིན་པོ་ཆེས་བཀའ་གནང་བའི་ཆོས་དང་མ་འབྲེལ་བའི་ཡ་རབས་བཟང་སྤྱོད་སྤེལ་རྒྱུ་དེ་ཕུགས་རྒྱང་རིང་པོའི་ཐོག་ནས་ཕྲུ་གུ་རང་ཉིད་ཀྱི་མི་ཚེ་སྐྱིད་པ་དང་། ཚགས་ཚུད་པ། བཟའ་ཚང་ཡིན་ཡང་མཐུན་པ་ཡོང་གི་རེད། འོན་ཀྱང་ཁ་ཚ་དགོས་གཏུགས་ལ་སློབ་གྲྭའི་ངོས་ནས་ཆ་བཞག་ཀྱང་སྒྲིག་འཛུགས་ལེགས་པ་དང་། སྤྱོད་ངན་ཉུང་བ། འཁྲུག་པ་ཉུང་བ་ཏན་ཏན་ཡོང་གི་རེད། དཔེར་ན། ངའི་ཕྲུ་གུ་ཚོ་ཆུང་དུས་སློབ་གྲྭ་འགྲིམ་ས་དེར་ངའི་བཟའ་ཟླས་ Social Emotional Learning སློབ་འགོ་བཙུགས་པ་རེད། དེ་ནས་བཟུང་སྟེ་ལེགས་གྲུབ་བྱུང་ཙང་ད་བར་སློབ་གྲྭ་དེར་བསླབས་ནས་ལོ་བརྒྱད་ཙམ་འགྲོ་ཡི་ཡོད་རེད། ད་ལྟ་ང་དྷརྨ་ས་ལར་ཡོད་ཀྱང་ཁོང་ལ་དྭགས་ལ་ཡོད་རེད། ལ་དྭགས་ཀྱི་སྒེར་པའི་སློབ་གྲྭ་གཅིག་གིས་གནས་ཚུལ་འདི་མཐོང་ནས་ཆེད་མངགས་འདིར་ཡོང་ནས་ Social Emotional Learning དང་། འདིའི་ཐོག་༧སྐུ་མདུན་གྱི་དགོངས་པ་བཞེས་སྟངས་དག་ཁ་སྣོན་བརྒྱབ་ནས་ཡ་རབས་བཟང་སྤྱོད་སློབ་སྟངས་འདི་ཆོས་ཀྱི་ཐོག་ནས་སློབ་མི་དགོས་པར་ལས་འགུལ་གསར་པ་ཞིག་སྤེལ་རྒྱུའི་བསམ་བློ་གཏོང་གི་ཡོད་རེད། སྔོན་ལ་དགེ་རྒན་ཚོར་ཟབ་སྦྱོང་སྤྲོད་རྒྱུ་དང་། འགོ་འཛུགས་རྒྱུ་དེ་ཁྱེད་རང་གིས་གནང་རོགས། བྱུང་ན་དབྱར་ཁ་ལོ་ལྔ་ཙམ་གྱི་རིང་ཡོང་རྒྱུའི་ཁས་ལེན་གནང་རོགས་ཞེས་བརྗོད་པར་མོ་རང་གིས་ཡིན་དང་ཡིན་ཞེས་བརྗོད་དེ་ཕྱིན་པ་རེད། ལ་དྭགས་ཁུལ་ནས་དེ་འདྲ་དབུ་འཛུགས་གནང་གི་འདུག ང་ཚོ་བོད་པའི་ནང་དེ་ལག་བསྟར་མ་ཐུབ་དུས་ངས་དྲང་པོ་ཞུས་ན་ཏོག་ཙམ་ཁྱད་མཚར་པོ་མཐོང་གི་འདུག ༧སྐྱབས་མགོན་རིན་པོ་ཆེ་དབུ་ལ་བཞུགས་ང་ཚོ་འོག་དེར་དད་པའི་ཐོག་ནས་བཀའ་གསུང་ཅི་སྒྲུབ་ཞུ་མཁན་ཞིག་རེད། ཡིན་ནའང་གནད་འགག་དེ་འདྲའི་སྐབས་སུ་ཕྱི་ལོགས་དེ་ཚོ་ཞེ་དྲག་ཡར་ཐོན་ཕྱིན། ང་ཚོ་འདིའི་སྒང་ལ་རང་ཚོར་བ་ཞེ་དྲག་མེད་པའི་བཟོ་འདྲ་ཞིག་འདུག

དྲི་བ། དགེ་བཤེས་ལགས་ཀྱི་ངོས་ནས་ད་བར་༧གོང་ས་མཆོག་གི་གསུང་སྒྱུར་གྱི་ཐུགས་འགན་རྐང་བཞེས་གནང་གི་ཡོད་པ་དང་ཆབས་ཅིག་ཕྱག་དེབ་མང་པོ་ཞིག་ལྗགས་རྩོམ་གནང་འདུག དེའི་ནང་ནས་གསར་ཤོས་ A Fearless Heart ཞེས་པ་དེ་ཆགས་འདུག དགེ་བཤེས་ལགས་ཀྱི་བརྩམས་ཆོས་དེ་དང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་དབར་འབྲེལ་བ་གང་འདྲ་ཡོད་དམ།

ལན། ད་ལྟ་ངའི་དེབ་ཞུམ་པ་མེད་པའི་སྙིང་ (A Fearless Heart) ཟེར་བའི་རྐང་དེ་སྙིང་རྗེའི་ཐོག་ནུབ་ཕྱོགས་སེམས་ཁམས་རིག་པ་དང་ནང་པའི་གཞུང་ནས་བཤད་པ་གཉིས་ཟུང་འབྲེལ་གྱི་ཐོག་ནས་དཔྱད་པ་བྱེད་རྒྱུ་གཅིག་རེད། དེ་མིན་མི་མང་པོ་ཞིག་གིས་སྙིང་རྗེ་ཞེས་བརྗོད་དུས་དེ་ནི་བརྩེ་བ་བྱེད་རྒྱུ་ཙམ་མ་གཏོགས་གཏིང་ཟབ་ཅིག་ཡིན་པ་ཤེས་ཀྱི་མི་འདུག ང་རང་ཚོའི་ནང་པའི་གཞུང་ནང་ཐབས་དང་ཤེས་རབ་གཉིས་ཏེ། ཤེས་རབ་ནི་ཡུལ་གྱི་གནས་ཚུལ་གཙོ་བོ་དོན་དམ་པའི་གནས་ལུགས་རྟོགས་རྒྱུ་སྟེ་སྟོང་པ་ཉིད་ཀྱི་སྐོར་བཤད་ཀྱི་ཡོད་རེད། ཐབས་ཀྱི་ཆ་སླེབས་སྐབས་གལ་ཆེ་ཤོས་དེ་སྙིང་རྗེ་ཆགས་ཡོད། སྙིང་རྗེའི་རྣམ་པ་ནི་གཞན་ལ་བརྩེ་བ་དེ་རེད། ཡིན་ནའང་སྙིང་རྗེ་ཞེས་པ་དེ་ང་རང་ཚོའི་ཀུན་སློང་དང་འབྲེལ་བ་ཤུགས་ཆེན་པོ་ཞེ་དྲག་ཡོད་རེད། ཇི་ཙམ་གྱིས་སྙིང་རྗེ་ཀུན་སློང་དུ་སླེབས་ཐུབ་པ་དེ་ཚོད་ཀྱིས་ལུས་ངག་གི་བྱ་སྤྱོད་ལ་འགྱུར་བ་འགྲོ་ཡི་རེད། དེ་བཞིན་སྙིང་རྗེའི་བློའི་འཕེན་པ་བཏང་ནས་མི་ཚེ་སྐྱེལ་སྟངས་རང་ལ་གཞན་ཕན་རྩ་བར་བཞག་པ་ཡིན་ན་བསམ་བློར་འགྱུར་བ་ཆེན་པོ་འགྲོ་ཡི་ཡོད་པ་དང་། སྙིང་རྗེ་བློ་ལ་གོམས་དུས་ནམ་ཞིག་ལ་སྙིང་རྗེ་དེ་སོ་སོའི་གཤིས་ཀའི་ཆ་ཤས་ཆགས་ཏེ། གང་ལྟར་རྐྱེན་ཞིག་འཕྲད་སྐབས་འཕྲལ་དུ་སྙིང་རྗེའི་ཐོག་ནས་གདོང་ལེན་བྱེད་པའི་ཆ་རྐྱེན་དང་གོ་སྐབས་མང་པོ་ཞིག་ཡོད་རེད། ལྷག་པར་དུ་དེང་སང་ནུབ་ཕྱོགས་པའི་ཚན་རིག་གི་ཐོག་ནས་ཞིབ་འཇུག་བྱེད་སྐབས་ཇི་ཙམ་གྱིས་སྙིང་རྗེ་ཅན་བྱེད་ནུས་པ་དེ་ཚོད་ཀྱིས་མི་རང་ཉིད་གཤིས་ཀ་ལྷོད་པ་དང་། དངངས་སྐྲག་ཉུང་དུ་འགྲོ་བ། བློ་སྟོབས་ཆེ་རུ་འགྲོ་བ་སོགས་དུས་རྒྱུན་༧སྐྱབས་མགོན་རིན་པོ་ཆེས་ཡང་ཡང་བཀའ་གནང་བ་ལྟར་རེད། གནས་ཚུལ་འདི་དག་མི་དཀྱུས་མ་ཚོས་གོ་ཐུབ་པ་ཞིག་བྱུང་ན་ཞེས་གང་ལྟར་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ (Secular Ethics) ཁྱབ་སྤེལ་བྱེད་རྒྱུའི་ཆ་རྐྱེན་ལ་འགྲོ་ཐུབ་པ་ཞིག་ཏུ་དམིགས་ཡོད་རེད། དེའི་ཐོག་ང་རང་ཚོ་ནང་པའི་གཞུང་ནས་བཤད་པའི་སེམས་ཁམས་རིག་པའི་རྣམ་གཞག་དེ་དག་ཕྱུག་པོ་ཡོད་པ་རྟོགས་ཐུབ་པ་བཅས་ངས་ཀུན་སློང་གཙོ་བོ་དེ་ཡིན།

དྲི་བ། དགེ་བཤེས་ལགས་ཀྱིས་སྐུ་ཚེ་ཧྲིལ་པོ་ནང་པའི་གཞུང་ལུགས་ཐོག་བསླབ་པ་སློབ་གཉེར་གནང་བ་དང་། ལྷག་པར་དུ་འདས་པའི་ལོ་སུམ་ཅུ་ལྷག་གི་རིང་༧གོང་ས་མཆོག་གི་ཆིབས་ཞབས་ལྷན་རྒྱས་སུ་ཕེབས་ནས་ཨིན་སྐད་གསུང་སྒྱུར་གནང་ཡོད་སྟབས། དགེ་བཤེས་ལགས་སྐུ་སྒེར་གྱི་ཉིན་རེའི་འཚོ་བའི་ཉམས་མྱོང་ནང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱིས་ཕན་ཐོགས་དེ་འདྲ་ཞིག་བྱུང་ཟེར་བའི་དཔེ་མཚོན་ཞིག་གསུང་ཐུབ་བམ།

ལན། ང་རང་ལ་ལོ་ངོ་སུམ་ཅུ་ལྷག་གི་རིང་༧སྐྱབས་མགོན་རིན་པོ་ཆེའི་གསུང་སྒྱུར་གྱི་ཞབས་ཕྱི་ཞུ་རྒྱུའི་སྐལ་བཟང་གོ་སྐབས་ཐོབ་བྱུང་། དེ་འདྲ་སོང་ཙང་༧སྐྱབས་མགོན་རིན་པོ་ཆེའི་དགོངས་པ་བཞེས་སྟངས་དང་། ཉིན་རེའི་ཉམས་ལེན་གནང་སྟངས་ཀྱི་ཀུན་སྤྱོད་དེ་དག་མཇལ་སྐབས་ང་རང་ལ་ཤུགས་རྐྱེན་ཤུགས་ཆེ་ཐེབས་བྱུང་། ང་རང་ཆུང་དུས་རིག་པ་གང་འཚམས་ཡོད་སྟབས་དྲག་ཤོས་ཡིན་སྙམ་པའི་ཁེངས་པ་དང་། དངངས་སྐྲག་ཀྱང་ཡོད་མཁན་ཞིག་ཡིན། དེ་ནས་རྩ་བའི་དཔེ་ཆ་བལྟ་རྒྱུའི་གོ་སྐབས་ཤིག་བྱུང་རྗེས་ལོ་སུམ་ཅུ་མ་ཟིན་གོང་ནས་༧སྐྱབས་མགོན་རིན་པོ་ཆེའི་ཞབས་ཕྱི་ཞུ་རྒྱུའི་གོ་སྐབས་བྱུང་བས། དུས་རྒྱུན་དུ་ཁོང་གི་ཞབས་ལ་བཅར་ཏེ་མཛད་པ་སྐྱོང་སྟངས་དང་དགོངས་པ་བཞེས་ཚུལ་མཇལ་སྐབས་སེམས་ལྷོད་པོ་དང་། གཤིས་ཀ་ལྷོད་པོ། དོན་དམ་པར་གཉོམ་ཆུང་ངང་ཁེངས་པ་མེད་པར་སྡོད་རྒྱུ་སོགས་ཀྱི་ཐོག་ཕན་ཐོགས་ཆེན་པོ་ཞེ་དྲག་བྱུང་། མི་མང་པོ་ཞིག་གིས་ད་ལྟ་དཀའ་ལས་བརྒྱབ་སྟེ་མ་འོངས་པར་ལྷོད་པོའི་ངང་སྐྱིད་པོ་གཏོང་རྒྱུའི་བསམ་བློ་འཁོར་གྱི་ཡོད་རེད། ཡིན་ནའང་མི་ཚེ་ཟེར་བ་ནི་ད་ལྟའི་དུས་ཚོད་འདི་རེད། མི་ཚེ་སྐྱེལ་སྐབས་ཇི་ཙམ་གྱིས་སྐྱིད་པ་དང་། སེམས་ལྷོད་པ། གཞན་ལ་ཕན་ཐོགས་གང་ཐུབ་བྱེད་རྒྱུའི་ཆེད་བསྐྱལ་བ་ཡིན་ན་མི་ཚེ་དོན་དང་ལྡན་པ་ཞིག་ཆགས་ཡོད། དེ་ཚོའི་ཐོག་ལ་༧སྐྱབས་མགོན་རིན་པོ་ཆེའི་ཞབས་ཕྱི་ཞུ་རྒྱུ་བྱུང་བའི་རྐྱེན་གྱིས་ཁོང་གི་དགོངས་པ་བཞེས་སྟངས་ནས་རང་ཉིད་སྒེར་གྱི་ཐོག་ཕན་ཐོགས་མང་པོ་བྱུང་། ཕྱི་ལ་ཁྱབ་སྤེལ་གནང་སྐབས་ཆོས་དང་མ་འབྲེལ་བའི་ཡ་རབས་སྤྱོད་བཟང་ཞེས་བཀའ་གནང་གི་ཡོད་ཀྱང་། ང་རང་ཚོ་ནང་པ་ཚོས་ངེས་པར་ཆོས་དང་མ་འབྲེལ་བ་བྱེད་དགོས་པའི་ཨུ་ཚུགས་གང་ཡང་རྒྱག་དགོས་ཀྱི་ཡོད་མ་རེད། བསླབ་བྱའི་རིགས་མང་པོ་ཞིག་ནི་ནང་པ་ཚོར་དཔེ་ཆ་ཤེས་མཁན་ཞིག་གིས་འགྲེལ་བརྗོད་བྱེད་སྐབས་འདི་བྱེད་རྒྱུ་ཡོད་མ་རེད། སྡུག་ཆགས་རེད། སྡིག་པ་གསོག་གི་རེད་ཅེས་མི་གསུང་བར། གཞུང་ཆེན་ཁག་ལས་འགྲེལ་བཤད་བྱེད་སྐབས། དཔེར་ན། ཁོང་ཁྲོའི་རིགས་སྐྱེ་སྐབས་ཁྲོ་བ་སྐྱེས་ན་དམྱལ་བར་ལྷུང་ཞེས་མི་བརྗོད་པར། ཁོང་ཁྲོ་སྐྱེ་སྐབས་སོ་སོའི་གདོང་ཡན་ཆད་ནག་པ་ཆགས་པ་དང་། མིས་བལྟས་ཀྱང་མི་མཛེས་པ། འཕྲལ་དུ་སེམས་ཀྱི་ཞི་བདེ་བརླག ཟས་ཡིན་ཡང་ཟ་སྙིང་མི་འདོད་པ། དེ་འདྲའི་ཐོག་ནས་ཁོང་ཁྲོས་ཁོར་ཡུག་ངན་པ་བཟོ་བ། དེའི་རྐྱེན་གྱིས་སོ་སོའི་སེམས་ཀྱི་ཞི་བདེ་བརླག་པ་ལ་བརྟེན་ནས་ལེགས་ཉེས་འབྱེད་ནུས་པའི་རྣམ་དཔྱོད་ཀྱི་ཆ་ཤས་དེའང་མེད་པ་ཆགས། དེ་ཚོའི་རིགས་ལ་ནང་པའི་གཞུང་ནས་བཤད་པ་ཟབ་མོ་ཡོད་སྟབས་ང་རང་ལ་ཆ་བཞག་ན་དཔེ་ཆ་ལྟ་མྱོང་བའི་དྲིན་དང་། ༧སྐྱབས་མགོན་རིན་པོ་ཆེས་བཀའ་གསལ་པོ་གནང་ཡོད་ཙང་ཉིན་རེའི་འཚོ་བའི་ནང་ཏན་ཏན་ཁྱད་པར་འདུག དཔེར་ན། ང་ལྟ་བུར་ཆ་བཞག་ན་མི་ཚེ་སྐྱེལ་ས་ནི་ནུབ་ཕྱོགས་ཡིན་པ་དང་། ནུབ་ཕྱོགས་པའི་སྤྱི་ཚོགས་དེ་ནི་འཁྲུག་པོ་ཞེ་དྲག་དང་། དངངས་སྐྲག་མང་པོ་ཞིག་ཡོད་རེད། ཕྲུ་གུ་གཉིས་གསོ་སྐྱོང་བྱེད་སྐབས་ཕྲུ་གུ་སྐྱོང་སྟངས་ལ་ཆ་བཞག་ཀྱང་ང་ཚོའི་ངོ་ཤེས་དག་གིས་ཕྲུ་གུ་སྐྱོང་སྟངས་དང་ང་དང་ངའི་སྐྱེ་དམན་ནང་པ་ཡིན་པ་ང་གཉིས་ཀྱི་ཕྲུ་གུ་སྐྱོང་སྟངས་བར་ཧེ་བག་ཧ་ཅང་ཆེན་པོ་ཡོད། ང་ཚོ་གང་འདྲ་བྱེད་རུང་གཤིས་ཀ་ལྷོད་པ་དང་ཕྲུ་གུ་ཚོར་མཚོན་ཡང་ཕ་མར་བརྩི་མཐོང་ཆེ་བ་དང་། ཞེ་ས་བྱེད་རྒྱུ། བརྩི་བཀུར་བྱེད་རྒྱུའི་རིགས་འདི་ང་ཚོ་ནང་པས་སྤྱིར་བཏང་ནས་ཡ་རབས་སྤྱོད་བཟང་དང་བྱམས་བརྩེ་དང་སྙིང་རྗེ་འདི་ཚོའི་གྲས་རིན་ཐང་ཆེ་བ་ཞིག་ཏུ་བརྩི་བ་མ་ཟད། ཁྱིམ་ཚང་གི་ཁོར་ཡུག་གི་ཆ་ཤས་ཆགས་ཡོད་པ། ༧སྐྱབས་མགོན་རིན་པོ་ཆེས་བཀའ་ནན་པོ་གནང་གི་ཡོད་པ་སོགས་ཀྱིས་གྲུབ་འབྲས་རེད། ༧སྐྱབས་མགོན་རིན་པོ་ཆེས་བཟང་པོའི་ཡོན་ཏན་འདི་དག་སྐྱེ་བ་སྔ་ཕྱི་དང་ཐར་པ་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་རྒྱུའི་ཆ་རྐྱེན་ཙམ་དུ་མ་བཞག་པར། ཉིན་རེའི་འཚོ་བའི་ནང་དགོས་མཁོ་ཡོད་པ་ཞིག་དང་འབྲེལ་བ་ཡོད་པ་ཞིག་མཐོང་ཐུབ་ན་ཁེ་ཕན་ཡོད་རེད་ཅེས་བཀའ་གནང་གི་ཡོད་རེད། ངས་ཅི་ཐུབ་ཐུབ་ཀྱིས་ལག་ལེན་བསྟར་བའི་ཁུལ་རེད། དེ་འདྲའི་ཐོག་ནས་གང་ལྟར་སེམས་པ་སྐྱིད་པ་དང་། ལྷོད་པ། སོ་སོའི་མི་ཚེ་དོན་སྙིང་ལྡན་པ་ཞིག་ཡོང་གི་འདུག་བསམ་པའི་ཡིད་ཚིམ་པའི་བཟོ་འདྲ་ཡོང་བ་དེ་ཚོའི་གྲས་ནི་༧སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེའི་བཀའ་དྲིན་རེད། ༧སྐྱབས་མགོན་རིན་པོ་ཆེས་ནང་པའི་གཞུང་ལས་བཤད་པའི་བསླབ་བྱ་ཟབ་པོ་དེ་དག་ཉིན་རེའི་ནང་མི་ཚེ་དང་འབྲེལ་བ་ཡོད་པ་ཞིག་ཏུ་བཟོ་ཐུབ་པ་ཡིན་ན་ཏན་ཏན་སོ་སོར་ཁེ་ཕན་ཡོད་རེད་ཅེས་བཀའ་གནང་རྒྱུའི་གནད་འགག་འདི་རེད།

མཐའ་དོན་ཞུ་རྒྱུར་ད་ལྟ་ནོར་ཝེ་རླུང་འཕྲིན་ཁང་ནས་དམིགས་བསལ་འདིའི་ཐོག་ལ་ཐུགས་སྣང་གནང་བ་དེར་ང་རང་དགའ་པོ་ཞེ་དྲག་བྱུང་། ད་གིན་ང་ཚོ་བཀའ་མོལ་བྱུང་བ་བཞིན་ང་ཕྱི་ལོགས་གང་སར་འགྲོ་སྐབས་༧སྐྱབས་མགོན་རིན་པོ་ཆེས་དགོངས་པ་བཞེས་ཤིང་གསར་གཏོད་གནང་བ་མང་པོ་ཞིག་ནུབ་ཕྱོགས་པས་ལག་ལེན་བསྟར་ཏེ་ཁེ་བཟང་བླངས་ཀྱང་། ང་ཚོ་བོད་པའི་སྤྱི་ཚོགས་ནང་འདི་དག་ལག་ལེན་བསྟར་མ་ཐུབ་པ་དང་ཁེ་བཟང་ལེན་མ་ཐུབ་པ་འདིར་ཏོག་ཙམ་མ་སྐྱིད་པ་ལྟ་བུ་ཞིག་ཡོང་གི་འདུག ལྷ་ས་བས་ལྷ་སའི་ཇོ་བོ་མ་མཇལ་ཟེར་བའི་བཤད་སྲོལ་ཡོད་པ་ལྟར་སོ་སོའི་ནང་གི་ནོར་བུ་དེ་སོ་སོས་ནོར་ཉམས་མ་ཆོད་པའི་རྣམ་པ་འདྲ་ཞིག་ཆགས་རྒྱུའི་ཉེན་ཁ་ཡོད་སྟབས། ད་ལན་འདི་ཐོག་ལ་རླུང་འཕྲིན་ཁང་ནས་དམིགས་བསལ་གྱིས་ཐུགས་སྣང་གནང་ནས་བརྗོད་གཞི་འདིའི་ཐོག་དགོངས་བཞེས་གནང་བར་ང་རང་དགའ་པོ་བྱུང་། ཐུགས་རྗེ་ཆེ།

དགེ་བཤེས་ལགས་ཀྱིས་དེ་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཁྱད་དུ་འཕགས་པའི་དགོངས་གཞི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཐོག་ལམ་སྟོན་གནང་བ་དེས། ལས་རིམ་གསན་གཟིགས་གནང་མཁན་ཡོངས་ལ་ཐུགས་ཕན་གསོས་པོ་དང་བློ་སྐྱེད་གསར་པ་ཞིག་བྱུང་སོང་དྲན་གྱི་འདུག ང་ཚོར་དུས་ཚོད་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།། །།

ཕྱིར་གོང་དུ་ལོག