website templates free download

Table

༄༅། །ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གནང་ཕྱོགས་སྐོར་དགེ་ལས་ཡོངས་ཀྱི་ལས་འགན་བསྒྲུབ་ཕྱོགས་སྐོར། །

(ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༧ ཉིན་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེས་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་དུས་དབུ་འཛུགས་ལས་བྱེད་རྒྱུས་སྟོན་ཉིན། དེ་གའི་འགན་འཛིན་དང་དགེ་ལས་ཡོངས་ལ་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཐོག་གནང་བའི་གསུང་བཤད།)

དེ་རིང་འདིར་ཚོགས་འདུར་ཕེབས་པའི་སྐྱབས་ཡུལ་དགེ་འདུན་པ་རྣམ་པ་དང་། དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་དབུ་ལས་ཀྱིས་མཚོན་པའི་དགེ་རྒན་ལས་བྱེད་རྣམ་པ་ཡོངས་ལ་དང་ཐོག་རབ་བྱུང་ ༡༧ པའི་མེ་བྱ་གནམ་ལོ་གསར་དུ་བཞད་པའི་རྟེན་འབྱུང་དུས་སྟོན་ལ་དགའ་སེམས་འཁོལ་བའི་ངང་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ལོ་འདིར་བོད་མིའི་ཤེས་ཡོན་གྱི་ལས་དོན་ཐོག་དམིགས་བསལ་ཡར་རྒྱས་ཡོང་རྒྱུའི་ལོ་ཁྱད་པར་ཅན་ཞིག་ཡོང་ཐུབ་པའི་སྨོན་འདུན་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

བོད་ཕྲུག་ཁྱིམ་སྡེའི་དབུ་ལས་རྣམ་པས་ཡང་ཡང་ང་འདིར་སྐད་བཏང་ནས་གཏམ་བཤད་ཞུ་རྒྱུའི་གོ་སྐབས་གནང་གི་ཡོད་རེད། སྤྱིར་བཏང་ང་རང་གི་ལོ་ནའི་བབ་དང་། ལས་དོན་གྱི་ཆ་ནས་ཡིན་ནའང་ད་ཆ་མི་རབས་རྙིང་པ་ཆགས་ནས་སྤྱི་ཚོགས་ཀྱི་དྲན་ཡུལ་ནས་ཕར་ཡལ་དགོས་རྒྱུ་འདྲ་པོ་ཞིག་དང་། མི་རབས་གསར་པ་ཚོས་ལས་འགན་འཁྱེར་དགོས་པའི་དུས་ཚོད་ཅིག་སླེབས་པ་ཡིན་ཙང་། ཆོས་ཕྱོགས་ཀྱི་ལས་དོན་ཡིན་ན་གནས་ཚུལ་ཐ་དད་རེད་མ་གཏོགས་དེ་མིན་བོད་པའི་སྤྱི་ཚོགས་ཀྱི་ནང་འདྲ་འདྲ་འདྲེས་འདྲེས་དང་བཤད་བཤད་ཐག་ཐག་མང་པོ་བྱེད་མི་དགོས་པ་གཙོ་དོན་བྱེད་ཀྱི་ཡོད། ཡིན་ནའང་འདི་ནས་ཚང་མས་ཐུགས་རེ་ཆེན་པོ་གནང་དུས་བསྐྱར་ལྡབ་ཡང་ལྡབ་བྱས་ནས་སླེབས་བསྡད་པ་ཞིག་ལས་དམིགས་བསལ་གསར་པ་ཞུ་རྒྱུ་གང་ཡང་མེད། ད་རེས་འདིར་ལོ་འདིའི་སློབ་དུས་གསར་པ་འཚོགས་པ་དང་བསྟུན་དགེ་ལས་རྣམ་པར་ལམ་སྟོན་གྱི་མཛད་སྒོ་ཉིན་གཅིག་གི་མཛད་རིམ་གྱི་ཕྱག་ཡིག་ཏུ་ནང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་རང་རེའི་ལས་འགན་བསྒྲུབ་རྒྱུ་ཞེས་བྲིས་འདུག ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཟེར་བ་དེ་༧གོང་ས་སྐྱབས་མགོན་ཆེན་པོ་༧སྐུ་ཕྲེང་བཅུ་བཞི་པ་འདིའི་འཇིག་རྟེན་སྤྱི་ཡོངས་ལ་སྨན་པའི་གདམས་ངག་མང་པོ་ཞིག་ཡོད་པའི་ནང་ནས། གདམས་ངག་རྣམ་པ་གཉིས་པོ་དེ་རིང་སང་ཉིན་འཇིག་རྟེན་ཁྱོན་ཡོངས་ཀྱིས་ངོས་འཛིན་དང་ཆ་འཇོག་ཆེན་པོ་ཞུ་ཡི་ཡོད་རེད། དེའི་ནང་ནས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་འདི་བརྗོད་གཞི་གཅིག་རེད། འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་ (Universal Responsibility) ཞེས་པ་དེ་༧སྐྱབས་མགོན་རིན་པོ་ཆེའི་གདམས་ངག་གི་དོན་གནད་ཁྱད་པར་ཅན་ཞིག་རེད། འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་ཞེས་པའི་གདམས་ངག་དེ་ ༡༩༧༠ དོན་གྲངས་ནས་༧སྐྱབས་མགོན་རིན་པོ་ཆེ་ནུབ་ཕྱོགས་ལ་༧ཞབས་སོར་འཁོད་རྒྱུའི་འགོ་འཛུགས་གནང་སྐབས་ནས་བཀའ་གནང་བའི་གདམས་ངག་གསར་པ་ཞིག་རེད། དེ་ལ་ནུབ་ཕྱོགས་ཀྱི་སྤྱི་ཚོགས་ནང་དང་ལེན་དང་། ཉམས་ཞིབ། ཉམས་ལེན་བྱེད་མཁན་མང་པོ་བྱུང་བ་རེད།

ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པ་འདི་ ༡༩༩༠ གོ་གྲངས་ནས་ཕྲན་བུ་ཕྲན་བུ་བཀའ་གནང་རྒྱུ་འགོ་འཛུགས་གནང་བ་རེད། རྐང་དེ་བརྒྱ་ཕྲག་ཉི་ཤུ་རྩ་གཅིག་པའི་ནང་སྟོང་ལོ་གསར་པའི་གནམ་ལོ་ཚེས་ཟིན་པའི་རྗེས་སུ་ཡང་ཡང་བཀའ་གནང་བ་ཞིག་རེད། ཕྱི་ལོ་ ༢༠༠༠ ཐམ་པའི་ལོ་གསར་དེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཝཱ་རཱ་ཎ་སཱིར་ཞབས་སོར་འཁོད་སྐབས་ཤིག་དང་འཁེལ་བ་ཡིན་ཙང་། དེ་སྐབས་ཕྱི་ལོ་སྟོང་ཚོ་གསར་པའི་ལམ་སྟོན་གནང་སྐབས་དྲྭ་རྒྱ་དང་། དེ་འདྲའི་མཐུན་རྐྱེན་ད་ལྟ་ནང་བཞིན་འཛོམས་པོ་ཡོད་མ་རེད། ཡིན་ཡང་དེ་སྐབས་ནས་ཁ་པར་དང་། ཀམ་པུ་ཊར་གྱི་ཐོག་ནས་ཨ་རི་དང་ཡུལ་གྲུ་མང་པོ་ཞིག་ལ་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པའི་བཀའ་གནང་འགོ་བཙུགས་པ་རེད།

དེའི་བརྗོད་དོན་སྙིང་པོ་དེ་སྤྱིར་བཏང་རྣམ་དཔྱོད་ལྡན་པའི་འགྲོ་བ་མི་རིགས་ཡོངས་རྫོགས་ཀྱི་དད་གུས་ཆེན་པོ་དང་། ད་ལྟའི་དུས་སྐབས་འདིར་དམིགས་བསལ་གྱི་དགོས་མཁོ་ཡོད་པ་ཞིག་ལ་བརྩིས་ནས་ནུབ་ཕྱོགས་ཀྱི་གཙུག་ལག་སློབ་གཉེར་ཁང་དང་སློབ་གྲྭ་ཁག་གི་ནང་ཉམས་ཞིབ་དང་ལག་བསྟར་ཕྱིན་དང་འགྲོ་བཞིན་པ་ཆགས་ཀྱི་ཡོད་རེད། ཡིན་ནའང་བོད་པའི་སྤྱི་ཚོགས་ནང་དེ་གཉིས་ཀའི་སྐོར་ལ་ཐུགས་སྣང་དེ་ཙམ་མ་བྱུང་བ་ལྟ་བུ་ཞིག་ང་རང་གིས་མཐོང་ཚུལ་དེ་འདྲ་ཡོད། སྒྲུང་ཞིག་ཞུས་པ་ཡིན་ན༑ ༡༩༨༠ གྱ་གྲངས་ཀྱི་སྐབས་དེ་འདྲ་ཞིག་ལ་༧སྐྱབས་མགོན་རིན་པོ་ཆེ་སཱར་ནཱཐ་ལ་༧ཞབས་སོར་འཁོད་སྐབས། ཝཱ་རཱ་ཎ་སཱིའི་གཙུག་ལག་སློབ་གཉེར་ཁང་གི་རིགས་ཀྱི་བདག་པོ་ Dr. Kapila Vasant གྱིས། ༧སྐྱབས་མགོན་རིན་པོ་ཆེའི་སྔར་མེད་པའི་ལམ་སྟོན་གསར་པ་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་ (Universal Responsibility) ཞེས་པ་དེའི་ཐོག་ནུབ་ཕྱོགས་ཀྱི་སྤྱི་ཚོགས་ནང་དོ་སྣང་དང་ཉམས་ཞིབ་གནང་མཁན་མང་པོ་ཞེ་དྲག་འདུག འོན་ཀྱང་རྒྱ་གར་དང་བོད་པའི་སྤྱི་ཚོགས་ནང་དེའི་ཐོག་ད་ལྟ་སྐད་ཆ་ཞེ་དྲག་ཡོང་གི་མི་འདུག དེ་འདྲ་སོང་ཙང་སཱར་ནཱཐ་གཙུག་ལག་སློབ་གཉེར་ཁང་གི་ནང་ཉམས་ཞིབ་པ་གསུམ་བཞི་ཞིག་ཆེད་མངགས་དེའི་ཐོག་ཉམས་ཞིབ་དང་རྩོམ་འབྲི་བྱེད་རྒྱུར་བཞག་པ་ཡིན་ན་གང་འདྲ་ཡོང་གི་ཡོད་དམ། ཞེས་བཀའ་འདྲི་ཞུས་གནང་སོང་། དེ་དུས་ང་ཡང་དེར་ཡོད། ༧གོང་ས་མཆོག་གིས་ངས་ལབ་པ་དེ་ཚོར་དོན་དག་ཡོད་པ་དང་དོ་སྣང་བྱེད་འོས་པ་ཞིག་མཐོང་བ་ཡིན་ན། སློབ་གཉེར་བ་སོ་སོས་རང་འགུལ་ལམ་དང་བླངས་ཀྱི་ཐོག་ནས་ཉམས་ཞིབ་བྱེད་དགོས་རེད་མ་གཏོགས། སྒྲིག་འཛུགས་ཀྱི་ངོས་ནས་ཁྱེད་རང་དེའི་ཐོག་ཉམས་ཞིབ་གྱིས་ཞེས་བཀོད་སྒྲིག་བྱས་པ་ཡིན་ན། དེ་ཡག་པོ་ཡོད་མ་རེད། མའོ་ཙེ་ཏུང་གིས་ངའི་རྩོམ་ཡིག་འདི་ཚང་མས་ཀློག་དགོས་རེད་ཅེས་བཙན་བཀའ་བཏང་བའི་བཟོ་འདྲ་པོ་ཆགས་ཀྱི་རེད་ཅེས་ཞལ་ཤོབ་དང་སྦྲགས་གསུངས་སོང་། སོ་སོས་དོ་སྣང་བྱེད་མཁན་ཡོད་ན་སྒྲིག་འཛུགས་ཀྱིས་མཐུན་རྐྱེན་བསྐྲུན་ན་འགྲིག་གི་རེད། དེ་མ་གཏོགས་སྒྲིག་འཛུགས་རང་གིས་ལག་ལེན་མ་བསྟར་ན་ཡག་པོ་ཡོད་རེད། ཅེས་གསུངས་སོང་། དེ་དུས་ང་རང་གི་བསམ་བློའི་ནང་ཕྲན་བུ་མ་བདེ་བ་ཞིག་བྱུང་། ཡིན་ནའང་༧སྐྱབས་མགོན་རིན་པོ་ཆེ་སྐུ་ངོ་མའི་བཀའ་ཡིན་ཙང་། དེ་རྗེས་སྒྲིག་འཛུགས་ཀྱི་ངོས་ནས་དེའི་ཐོག་བཀོད་སྒྲིག་དང་ཉམས་ཞིབ་བྱེད་དགོས་པའི་འབོད་སྐུལ་དེ་འདྲ་གང་ཡང་བྱས་ཡོད་མ་རེད།

༢༠༡༡།༡༢ ཡས་མས་ཕལ་ཆེར་ ༢༠༡༢ གཡས་གཡོན་ལ་ཡིན་པ་ཡོད། ༧སྐྱབས་མགོན་རིན་པོ་ཆེས་སྔོན་མ་ནས་རྒྱ་གར་གྱི་གཱནྡྷཱིའི་རྗེས་འཇུག་བགྲེས་སོང་འཚོ་བཞུགས་ K.V.Bakshi ཞུ་བ་སྔོན་མ་ khadhi ཡི་ཕྱག་ལས་གནང་མཁན་ཞིག་ཡོད་རེད། Dibru Bai Khadhi Commission གྱི་ཚོགས་གཙོ་ཡིན་པའི་སྐབས་ལ་ཁོང་རང་ཧི་མཱ་ཅལ་ནང་ཕྱག་ལས་གནང་མཁན་ཞིག་རེད། ༡༩༦༣།༡༩༦༤ སྐབས་ནས་༧རྒྱལ་བ་རིན་པོ་ཆེ་དང་ཐུགས་འདྲིས་བྱུང་ཡོད་རེད། Dibru Bai དང་འབྲེལ་མཐུད་བཟོ་མཁན་དང་། རྗེས་སུ་༧སྐྱབས་མགོན་རིན་པོ་ཆེ་གཱནྡྷཱི་འཁྲུངས་ནས་ལོ་བརྒྱ་ཕྲག་འཁོར་བའི་སྐབས་སུ་དིལླཱིར་གདན་འདྲེན་ཞུས་ནས་ Khan Adu Ghafar Khan དང་། སྐབས་དེ་དུས་ཀྱི་རྒྱ་གར་གྱི་སྲིད་འཛིན་ལ་སོགས་པ་ཚང་མ་སྡིངས་ཆ་གཅིག་གི་ཐོག་མཉམ་དུ་ཕེབས་བཞུགས་གནང་རྒྱུའི་སྐོར་དེ་ཚོ་ཚང་མ་ Dibru Bai ཡིས་གནང་བ་དེ་ནས་བཟུང་སྟེ་ཐུགས་འདྲིས་ཡོད་པ་ཞིག་རེད། ཁོང་དང་ཁོང་གི་ངོ་ཤེས་ Meerut ལ་ཡོད་པའི་ IMT group of colleges ཞེས་པ་ད་ལྟ་གཙུག་ལག་སློབ་གཉེར་ཁང་ཆགས་བསྡད་ཡོད་རེད། དེའི་གཙོ་འཛིན་དེ་ན་ནིང་༧སྐྱབས་མགོན་རིན་པོ་ཆེའི་སྐུ་མདུན་ལ་བཅར་ནས་ཧི་མཱ་ཅལ་ནང་ Dalai Lama University ཞེས་༧སྐྱབས་མགོན་རིན་པོ་ཆེའི་མཚན་ཐོག་ནས་གཙུག་ལག་ཁང་ཞིག་འཛུགས་རྒྱུའི་རེ་བ་ཡོད། མཚན་དེ་འདོགས་ཆོག་པ་གྱིས་ཞེས་བཀའ་འཁྲོལ་ཞུས་སོང་། དེ་དུས་ངའི་མིང་ཐོག་ནས་གཙུག་ལག་སློབ་གཉེར་ཁང་བཟོས་ན་བྱབ་གང་ཡང་ཡོད་མ་རེད། དེ་ལས་ད་ལྟ་ནུབ་ཕྱོགས་ལ་སེམས་དང་སྲོག་གི་སྐོར་ཚན་རིག་པ་དང་མཉམ་དུ་གོ་བསྡུར་གནང་བའི་གྲུབ་དོན། སེམས་དང་སྲོག་གི་སྒྲིག་འཛུགས་ཤིག་བཟོས་གནང་ཡོད་རེད། དེའི་ཡན་ལག་གཅིག་རྒྱ་གར་ལ་བཟོས་ན་ཡག་པོ་ཡོད་རེད་ཅེས་བཀའ་གནང་སྐབས། ཁོང་ཚོས་གཙུག་ལག་སློབ་གཉེར་ཁང་གི་ཚབ་ལ་སེམས་དང་སྲོག་གི་སྒྲིག་འཛུགས་ཀྱི་ཡན་ལག་ཅིག་རྒྱ་གར་ནང་བཟོ་ཡི་ཡིན། Bakshi ནམ་རྒྱུན་ནས་༧སྐྱབས་མགོན་རིན་པོ་ཆེར་ཐད་ཀར་ནང་ཚགས་འདྲ་པོ་བྱས་ཏེ་སེམས་ལ་གང་དྲན་པ་དེ་ཞུ་མཁན་འདྲ་པོ་ཞིག་ཡོད་རེད།

ཁོང་གིས་༧རྒྱལ་བ་རིན་པོ་ཆེ་བཞུགས་ས་རྒྱ་གར་ནང་རེད་དེ། བཀའ་སློབ་མན་ངག་རྩ་ཆེ་བ་ཚང་མ་ནུབ་ཕྱོགས་ལ་གནང་གི་འདུག དེ་ག་རེ་ཡིན་ནམ་ཞེས་ཞུས་སོང་། ༧སྐྱབས་མགོན་རིན་པོ་ཆེས་བཞད་མོ་བཞད་པ་དང་སྦྲགས་ངས་སུ་གང་ཞིག་ལ་ང་ལ་གཅིག་བཤད་རྒྱུ་ཡོད། ཉན་རོགས་ཞེས་ལབ་པར་འགྲོ་ཡི་མེད་ཀྱང་། ང་ལ་གཅིག་བཤད་དགོས་རེད་ཅེས་ཚུར་ལབ་པར་ཡོང་མཁན་དེ་ཚོར་ངས་ཤོད་ཀྱི་ཡོད། དེ་ངའི་ནོར་འཁྲུལ་མ་རེད། རྒྱ་གར་བའི་ནོར་འཁྲུལ་རེད། ཁྱེད་རང་ཚོར་དོ་སྣང་ཡོད་ན་དོ་སྣང་བྱེད་དགོས་རེད་མ་གཏོགས། རྒྱ་གར་བས་དེར་དོ་སྣང་བྱེད་ཆོག་གི་མ་རེད་ཅེས་ལབ་མཁན་སུ་ཡང་ཡོད་མ་རེད་ཅེས་བཀའ་གནང་སོང་། དེ་འདྲ་ཡིན་ན་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་དེ་དེང་རབས་ཀྱི་ཤེས་ཡོན་གྱི་སྒྲོམ་གཞིའི་ནང་འཁྱེར་དགོས་རྒྱུ་གལ་ཆེན་པོ་འདུག་ཅེས་༧སྐྱབས་མགོན་རིན་པོ་ཆེས་གསུངས་པ་དེ་ནུབ་ཕྱོགས་ལ་ཤུགས་ཆེན་པོ་ཆགས་ཀྱི་ཡོད་རེད། དེ་འདྲ་སོང་ཙང་དེའི་སྐོར་ལ་ང་ཚོ་རྒྱ་གར་གྱི་སེམས་དང་སྲོག་གི་ཡན་ལག་འདིའི་ཐོག་ནས་ལས་ཀ་དེ་བརྩམ་ཆོག་པ་གྱིས་ཞེས་ཞུས་སོང་། དེ་འདྲ་བྱས་ན་འགྲིག་གི་རེད་ཅེས་བཀའ་གནང་སོང་། དེ་ནས་བྱས་ཏེ་འདས་པའི་ལོ་གསུམ་ཙམ་གྱི་རིང་སྤྱིར་བཏང་ནུབ་ཕྱོགས་ལ་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གིས་འགན་ཁུར་རྐང་བཞེས་ཐོག་གཙུག་ལག་སློབ་ཁང་ཁ་ཤས་ཀྱི་ནང་༧སྐྱབས་མགོན་རིན་པོ་ཆེའི་མཚན་ཐོག་ནས་སྡེ་ཚན་དེ་འདྲ་བཟོས་ཏེ་དེའི་ཐོག་ལ་ཕྱག་ལས་གནང་མཁན་དང་། དེ་བཞིན་མངའ་སྡེ་དང་གྲོང་སྡེ་སོ་སོའི་ནང་དམིགས་བསལ་གྱི་ཕྱག་ལས་གནང་མཁན་གང་འཚམས་ཤིག་བྱུང་ཡོད་རེད། ཡིན་ནའང་ད་ལྟ་ང་ཚོ་བོད་པའི་སྤྱི་ཚོགས་དང་། ལྷག་པར་དུ་ང་ཚོ་བོད་པའི་སློབ་གྲྭ་ཁག་གི་ནང་དེའི་སྐོར་ལ་རང་འགུལ་གྱི་ཐོག་ནས་དོ་སྣང་དེ་ཙམ་མེད་པའི་བཟོ་འདྲ་པོ་ཆགས་ཀྱི་འདུག

སྤྱིར་བཏང་དེ་རིང་གི་བརྗོད་གཞིའི་ནང་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་བྲིས་གནང་ཡོད་རེད་དེ། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་དེ་རིག་པའི་གཞུང་ལུགས་རྒྱ་ཆེན་པོ་ཞིག་ཆགས་ཡོད་རེད། དེའི་རིག་པའི་གཞུང་ལུགས་གཏིང་ཟབ་པ་དང་རྒྱ་ཆེ་ཆུང་ལ་བལྟས་པ་ཡིན་ན། དེ་རིང་སང་ཉིན་ནུབ་ཕྱོགས་ཀྱི་སློབ་ཚན་འཇོག་སྟངས་ཀྱི་ནང་སྤྱི་ཚོགས་ཚན་རིག་དང་། སྲིད་དོན་ཚན་རིག ས་ཁམས་རིག་པ་ཞེས་པ་ལྟ་བུ་སློབ་ཚན་གཞན་པ་གང་ཡང་རུང་བ་ཞིག་དང་མཉམ་དུ་དོ་མཉམ་མི་ཡོང་བར་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པ་ Secular Ethics ད་ག་རང་སློབ་ཚན་རྒྱ་ཆེན་པོ་ཞིག་ཆགས་ཡོད་རེད། ལྷག་པར་དུ་སློབ་ཚན་གཞན་པ་དང་མཉམ་འབྲེལ་བྱས་ནས་ interdisciplinary study བྱེད་རྒྱུའི་ནང་ཚུད་ཡོད་རེད། དེ་འདྲ་སོང་ཙང་དེ་འདྲ་བའི་རིག་པའི་གཞུང་ལུགས་རྒྱ་ཆེན་པོ་ཞིག་ངས་འདིར་ཚོགས་ཐེངས་གཅིག་གི་ནང་ཞུ་ཐུབ་ཐབས་གང་ཡང་ཡོད་མ་རེད། འོན་ཀྱང་དེའི་སྒྲོམ་གཞི་དང་། དེ་ལ་ས་བཅད་གང་འདྲ་ཡོད་མེད་ཀྱི་སྐོར་ལ་ངོ་སྤྲོད་མདོར་བསྡུས་ཤིག་ཞུས་ན་བསམས་སོང་། གང་ཡིན་ཟེར་ན། གལ་ཏེ་དེའི་ཐོག་ཚང་མས་ཐུགས་སྣང་གནང་བ་ཡིན་ན། ནུབ་ཕྱོགས་ཀྱི་གནས་སྟངས་སྐོར་ལ་ཡུ་རོབ་དང་ཨ་རི་གཉིས་ཀའི་ནང་དེའི་ཚོད་བལྟ་དེ་གང་འཚམས་ཤུགས་ཆེན་པོ་བྱས་ཏེ་འགྲོ་བཞིན་པ་རེད། རྒྱ་གར་ནང་དུའང་ ༢༠༡༧ ཕྱི་ཟླ་ ༧ ནས་ཕལ་ཆེར་སྐད་ཡིག་གི་བརྒྱུད་ལམ་མི་འདྲ་བའི་སློབ་གྲྭ་དང་། ཨིན་ཇིའི་བརྒྱུད་ལམ་ནས་བྱས་པ་གཉིས་གསུམ་ཞིག་དང་། ཧིནྡཱི་བརྒྱུད་ལམ་ནས་བྱས་པ་གཉིས་གསུམ་ཞིག བངྒལ་དང་ཨ་སམ་གྱི་བརྒྱུད་ལམ་ནས་བྱས་པ། ད་ལྟ་ལྷོ་ཕྱོགས་སྐད་ཡིག་དེ་ཚོའི་ནང་བརྒྱུད་ལམ་ཡོད་པ་སློབ་གྲྭ་འདི་རེད་ཅེས་དམིགས་བསལ་ངོས་འཛིན་བྱས་པ་མེད་ཀྱང་། དེ་འདྲའི་སློབ་གྲྭ་བཅུ་གཅིག་བཅུ་གཉིས་ཀྱི་ནང་སློབ་ཚན་འདི་ཚོད་བལྟ་བྱེད་རྒྱུའི་འཆར་གཞི་ཡོད་རེད། བྱས་ཙང་དེ་ཚོའི་ཐོག་ང་རང་ཚོ་བོད་པའི་སློབ་གྲྭ་ཁག་གི་རྒན་ལགས་རྣམ་པ་ཚོ་དང་འཛིན་སྐྱོང་གིས་ཐུགས་ཞིབ་དང་ཐུགས་སྣང་གནང་བ་ཡིན་ན་ཏན་ཏན་ཡག་པོ་ཡོད་རེད་བསམ་གྱི་འདུག

༧སྐྱབས་མགོན་རིན་པོ་ཆེས་སྐབས་རེར་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་དང་། སྐབས་རེར་ཆོས་ལུགས་རིས་མེད་ཀྱི་བཟང་སྤྱོད་ Secular Ethics ཞེས་གསུངས་དགོས་པའི་རྒྱུ་མཚན་ག་རེ་ཆགས་ཀྱི་ཡོད་རེད་ཅེས་བརྗོད་པ་ཡིན་ན། ད་ལྟའི་གནས་སྐབས་སུ་འཇིག་རྟེན་ཁྱོན་ཡོངས་ནང་འགྲོ་བ་མི་རིགས་ཀྱིས་མཚོན་པའི་སྲོག་ལྡན་ཚང་མར་དཀའ་ངལ་མང་པོ་ཞིག་ཡོད་པའི་ནང་ནས་ཁ་ཤས་ནི་ཉེན་འཚབ་ཧ་ཅང་ཆེན་པོ་སའི་གོ་ལ་ཁོ་རང་འཐོར་ཞིག་ལ་འགྲོ་ཉེན་ཡོད་པའི་དཀའ་ངལ་དེ་འདྲ་ཡོད་རེད། དེ་ཚོ་ཚང་མ་ཡོང་དགོས་པའི་གནད་དོན་དེ་ནི་འགྲོ་བ་མིའི་བཟང་སྤྱོད་ཉམས་ཆག་ཕྱིན་པའི་དབང་གིས་རེད། དེ་རྒྱས་བཤད་བྱས་ན་མང་པོ་ཡོད་ཀྱང་བསྡོམས་བརྒྱབ་ནས་ཞུས་པ་ཡིན་ན་འགྲོ་བ་མིའི་བཟང་སྤྱོད་ཉམས་ཆག་ཕྱིན་པ་དེ་རེད། བཟང་སྤྱོད་ག་རེ་བྱས་ཏེ་ཉམས་ཆག་ཕྱིན་པ་རེད་ཅེས་ང་ཚོས་ཕྱིར་བལྟས་ཤིག་སློག་པ་ཡིན་ན། ཧ་ལམ་ལོ་ ༢༥༠།༣༠༠ ཡས་མས་ཤིག་གི་སྔོན་ནས་འཇིག་རྟེན་ཁྱོན་ཡོངས་ལ་འགྱུར་བ་ཆེན་པོ་ཞིག་ཕྱིན་པ་རེད། འགྱུར་བ་འགྲོ་རྒྱུ་དེ་ཚན་རིག་དང་འཕྲུལ་ལས་ཡར་རྒྱས་ཕྱིན་པའི་དབང་གིས་ནུབ་ཕྱོགས་ལ་བཟོ་ལས་ཅན་དུ་འགྱུར་རྒྱུའི་གནས་ཚུལ་ཞིག་བྱུང་བ་རེད། དཔལ་འབྱོར་བཟོ་ལས་ཅན་དུ་གྱུར་པ་དང་ཆབས་ཅིག་ཆབ་སྲིད་མང་གཙོའི་རིང་ལུགས་ཀྱི་ཐོག་ལ་འགྱུར་བ་ཕྱིན་པ་དང་། རྒྱལ་པོའི་རིང་ལུགས་དང་༧མི་རྗེ་དབང་འཛིན་གྱི་རིང་ལུགས་དེ་དག་རིམ་པས་མེད་པར་ཆགས་པ༑ ཁོ་རང་ཚོ་ནུབ་ཕྱོགས་པས་ཤོད་སྟངས་ལྟར་བྱས་ན། དུས་རབས་གསར་པ་ renaissance ཟེར་བ་ཡག་པོ་ཞིག་ཏུ་བརྩི་ཡི་ཡོད་རེད། གཅིག་བྱས་ན་ཡག་པོ་ཞིག་ཡིན་གྱི་རེད། ཡག་པོ་དེ་དང་མཉམ་དུ་སྡུག་ཆགས་ཀྱང་མང་པོ་ཞིག་ཁྲིད་ཡོད་རེད།

དེ་སྐབས་ཆོས་དང་ཆབ་སྲིད་ཐ་དད་དུ་དབྱེ་རྒྱུ་དེ་ཤུགས་ཆེན་པོ་ཞིག་བྱུང་བ་ཡིན་ཙང་། འཇིག་རྟེན་སྲིད་ལུགས་རྐྱང་པ་ Secularism ཟེར་བ་དེ་ད་ལྟའང་ནུབ་ཕྱོགས་པའི་བསམ་བློའི་ནང་ཆོས་འགལ་རིང་ལུགས་དང་། ཆོས་འགོག་རིང་ལུགས། ཆོས་མི་དགོས་ཟེར་མཁན་དེ་འདྲ་ཞིག་ལ་བསམ་བློ་བཏང་ནས་ secular ཟེར་བའི་ཚིག་འདི་ང་ཚོ་ཤར་ཕྱོགས་པའི་གོ་བ་ལེན་སྟངས་ནང་བཞིན་ཡོད་མ་རེད། བྱས་ཙང་༧སྐྱབས་མགོན་རིན་པོ་ཆེས་ཕྱག་དེབ་དེའི་ཞལ་བྱང་མཛད་སྐབས་ཐོག་མར་ Beyond religion, Secular Ethics ཅེས་ཡོད་རེད། ནུབ་ཕྱོགས་པ་ཚོས་ secular ཞེས་བཀོད་པ་ཡིན་ན་ཆོས་ལ་འགལ་ཟླ་བྱེད་མཁན་དང་། ཆོས་ལ་དགག་པ་རྒྱག་མཁན་དེ་འདྲ་ཞིག་གོ་ཡི་ཡོད་ཙང་མཁས་པ་མང་པོས་ secular གྱི་ཚིག་འདི་མ་བཞག་རོགས་གནང་ཞེས་ཞུས་སོང་། དེར་བརྟེན་ད་ལྟའི་ཕྱག་དེབ་ཀྱི་ཞལ་བྱང་ལ་ secular ཞེས་པའི་ཚིག་འདི་མི་དགོས་པ་བྱས་ནས་ Beyond Religion: Ethics for a whole world, Secular Ethics for a whole world ཞེས་གསུངས་ཡོད་རེད། ཡིན་ནའང་ཕྱག་དེབ་ཀྱི་ནང་དུ་ secular ཞེས་པའི་ཚིག་དེ་ཡང་ཡང་བེད་སྤྱོད་བཏང་གནང་ཡོད་རེད། དེར་བརྟེན་ང་ཚོས་ secular ཞེས་པའི་ཚིག་བེད་སྤྱོད་གནང་རྒྱུའི་གོ་དོན་དེར། སྤྱིར་བཏང་ secular ཞེས་པའི་ཚིག་དེ་ཨིན་སྐད་ཀྱི་ཚིག་མཛོད་ཆེན་མོ་ encyclopaedia ཞེས་པ་དེ་ཚོའི་ནང་བལྟས་པ་ཡིན་ན། ཚིག་དེའི་དོན་དག་འཆད་སྟངས་མི་འདྲ་བ་ཕལ་ཆེར་བཞི་བཅུ་ཞེ་གྲངས་ཤིག་ཡོད་རེད། ལྷག་པར་དུའང་རྒྱ་གར་གྱི་མཁས་པ་ཚོའི་ནང་ནས་དཔེར་ན། Prof. AK Saran ལྟ་བུ་ཡིན་ན། secular གྱི་རྣམ་གཞག་གསུང་སྟངས་རྦད་དེ་ལོགས་ཀ་རེད། གང་ལྟར་དེ་རིང་སང་ཉིན་གཱནྡྷཱི་དང་། བིནོབཱ་ བྷཱ་བེ། Vinoba Bhave དང་། སྭཱམཱི་ བིབེཀཱནནྡ་ Swami Vivekananda ཁོང་ཚོའི་གསུང་སྟངས་ལྟར་བྱས་པ་ཡིན་ན། secular དེ་ཆོས་འགོག་རིང་ལུགས་དང་ཆོས་འགལ་རིང་ལུགས་ལ་མ་བསྒྱུར་པར། ཆོས་ལུགས་རིས་མེད་ sarva dharma sambhava ལ་བསྒྱུར་ཡོད་རེད། རྒྱ་གར་གྱི་སྐད་ལ་ sambhava ཟེར་ན་གཅིག་གྱུར་གྱི་ཐུགས་སྣང་དང་། གཅིག་གྱུར་གྱི་གུས་ཞབས། Sarva dharma ཟེར་ན་ཆོས་ལུགས་ཐམས་ཅད་ཅེས་ཆོས་ལུགས་ཐམས་ཅད་ལ་ཉེ་རིང་མེད་པར་གཅིག་གྱུར་གྱི་གུས་ཞབས་བྱེད་རྒྱུ་དེ་ secular གྱི་དོན་ལ་ངོས་འཛིན་བྱེད་ཀྱི་ཡོད་རེད།

ད་ལྟ་ང་ཚོས་བེད་སྤྱོད་བྱེད་པའི་ secularism, Secular Ethics གསུངས་པ་དེ་ཆོས་ལུགས་རིས་མེད་ལས་ཆོས་འགལ་རིང་ལུགས་མིན་པ་གསལ་པོ་མཁྱེན་དགོས། ཆོས་དང་ཆབ་སྲིད་ཐ་དད་དུ་ཕྱེ་བའི་རྗེས་ལ་མིའི་བཟང་སྤྱོད་ཀྱི་འགན་ཁུར་དེ་ཆོས་ལུགས་ཁག་ལ་མེད་པའི་རྣམ་པ་ལྟ་བུར་གྱུར་པ་རེད། སློབ་གྲྭ་ཁག་གི་ནང་དུའང་ཆོས་དང་བཟང་སྤྱོད་ཀྱི་སློབ་སྟོན་དེ་མི་དགོས་པ་གཙོ་དོན་བྱས་ནས་ secular གྱི་ལུང་པ་དེ་ཚོའི་སློབ་གྲྭ་ཁག་གི་ནང་ཆོས་བསླབས་ན་འགྲིག་གི་མ་རེད་ཅེས་པའི་གནས་སྟངས་དེ་རིམ་པས་སླེབས་པ་རེད། དེ་ཙམ་དུ་མ་ཟད་དོན་ཚན་གཉིས་པ་ཆོས་ལུགས་རང་རང་སོ་སོ་ཉམས་ཆག་ཏུ་ཕྱིན་ནས་ཆོས་ལུགས་ནང་བཤད་པའི་དོན་ཇི་མ་ཇི་བཞིན་ཉམས་ལེན་བྱེད་མཁན་དཀོན་པོ་ཆགས་པ་རེད། ང་རང་ཚོ་ནང་པ་ལྟ་བུར་ཆ་བཞག་པ་ཡིན་ནའང་ང་ཚོས་ཉིན་ལྟར། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་འདོན་གྱི་ཡོད་རེད་དེ། དངོས་གནས་སྐྱབས་འགྲོ་སེམས་བསྐྱེད་དང་མཐུན་པའི་མི་ཚེའི་ཀུན་སྤྱོད་དེ་ཆོས་དང་མཐུན་པ་བྱེད་རྒྱུ་དཀའ་ལས་ཁག་པོ་རེད། བསླབ་པ་ལྔ་ཡི་ཚུལ་ཁྲིམས་ཉིན་ལྟར་ལེན་མཁན་ཚོས་ཀྱང་། བསླབ་པ་ལྔ་ཡི་ཚུལ་ཁྲིམས་གཅིག་ཀྱང་མ་སྲུང་མཁན་དེ་འདྲ་མཐོང་དང་མཐོང་བཞིན་པ་རེད། དེ་འདྲ་ཡིན་དུས་ཆོས་ནས་བཤད་པ་དང་གང་ཟག་གིས་ཉམས་ལེན་གཉིས་པོ་རྒྱབ་འགལ་ཕྱིན་པ་ཡིན་ཙང་། ཆོས་དང་འབྲེལ་བའི་བཟང་སྤྱོད་ཀྱི་རྣམ་གཞག་དེ་དག་གིས་འཇིག་རྟེན་སྤྱི་ཡོངས་ལ་ཞབས་འདེགས་སྒྲུབ་མི་ཐུབ་པའི་གནས་སྟངས་ཤིག་ཆགས་པ་རེད། གསུམ་པ་དེར་ཆོས་ལུགས་དང་འབྲེལ་བའི་བཟང་སྤྱོད་བྱས་པ་ཡིན་ན་མང་ཆེ་བ་འདྲ་པོ་འདྲ་པོ་ལས་གཅིག་གྱུར་ཞིག་ཡོད་མ་རེད། ཡིན་ནའང་ཆོས་ལུགས་སོ་སོ་དང་འབྲེལ་བ་མི་འདྲ་བ་ཆགས་དུས་ཆོས་ལུགས་གཅིག་གྱུར་གྱི་བཟང་སྤྱོད་ཅིག་ཡོང་རྒྱུ་ཁག་པོ་ཡོད་རེད། དཔེར་ན། ༡༩༩༧ ལོར་ Chicago World Parliament Religion ཞེས་པ་འཚོག་པའི་སྐབས་སུ་ Universal Declaration of Human Rights ཞེས་འགྲོ་བ་མིའི་ཐོབ་ཐང་ཟེར་བ་ཡོད་པ་དང་། Universal Declaration of Human Duty འགྲོ་བ་མིའི་ལས་འགན་ཞེས་པ་བཟོ་དགོས་ཀྱི་འདུག་ཅེས་ཚོགས་མི་དྲུག་ཅུ་རེ་གྲངས་ཡོད་པའི་ཚོགས་ཆུང་ཞིག་བཙུགས་པ་རེད། ཚོགས་ཆུང་དེའི་ནང་ཆོས་ལུགས་ཀྱི་འགོ་ཁྲིད་ཤ་སྟག་ཡོད་རེད། ཚོགས་འདུར་ཉིན་གཉིས་བཀའ་བསྡུར་གནང་བའི་རྗེས་ལ་དགོངས་པ་མཐུན་པ་གཅིག་ཀྱང་བྱུང་ཡོད་མ་རེད། དཔེར་ན། འཚེ་བ་མེད་པ་དེ་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་ལས་འགན་ནང་བཞག་ཐུབ་མིན་དེ། ཆོས་ལུགས་སོ་སོའི་དགོངས་པ་བཞེས་སྟངས་ཀྱི་ཐོག་ནས་བརྒྱ་ཆ་བརྒྱ་ཐམ་པ་བཟང་སྤྱོད་ཀྱི་ཡན་ལག་ཅིག་ལ་འཁྱེར་རྒྱུ་ཁག་པོ་བྱེད་ཀྱི་འདུག དེ་ནི་དཔེ་མཚོན་ཙམ་ཞིག་རེད། དེ་འདྲ་ཡིན་དུས་ཆོས་ལུགས་སོ་སོའི་བཟང་སྤྱོད་ཀྱི་རྣམ་གཞག་མི་འདྲ་བ་ཡོད་ཙང་། དེ་སྤྱི་ཡོངས་ལ་ཁྱབ་མི་ཐུབ་པ་ཞིག་དང་། ལྷག་པར་དུ་ད་ལྟ་སའི་གོ་ལ་འདིའི་ཐོག་མིའི་འགྲོ་བ་ཐེར་འབུམ་བདུན་ཡས་མས་ཤིག་ཡོད་པའི་ནང་། བརྒྱ་ཆ་གང་འཚམས་ཤིག་ཆོས་ལ་ཡིད་ཆེས་མེད་མཁན་རེད།

ཚན་རིག་པ་ཚོས་ཆོས་ལ་ཡིད་ཆེས་བྱས་པ་དང་རྨོངས་དད་བྱས་པ་གཉིས་དབྱེ་བ་མ་ཕྱེ་པར་གཅིག་གྱུར་འདྲ་པོ་བརྩིས་ནས། ཚན་རིག་པ་ཞིག་ཡིན་ཕྱིན་ཆད་སེམས་ཀྱི་གཏིང་ནས་ཆོས་ལ་ཡིད་ཆེས་ཡོད་ཀྱང་། ཕྱི་ལ་ཆོས་ལ་ཡིད་ཆེས་མེད་མདོག་མདོག་གྱི་རྣམ་འགྱུར་བསྟན་དགོས་པ་ཆགས་ཡོད་རེད། དེ་འདྲ་སོང་ཙང་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་གནས་བབས་གཅིག་མ་བྱུང་བར་ཆོས་ལུགས་རྐྱང་པའི་ཐོག་བཞག་པ་ཡིན་ན༑ ཕྱོགས་གཅིག་ནས་ཆོས་ཀྱི་ཉམས་ལེན་ཇི་བཞིན་མ་བྱུང་བའི་དབང་གིས་ནུས་པ་མེད་པ་དང་། སོ་སོས་ཉམས་ལེན་མ་བྱས་པར་མི་ལ་ཉམས་ལེན་བྱེད་དགོས་རེད་ཅེས་ལབ་ན་འདོད་པ་གང་ཡང་ཡོང་གི་མ་རེད། གཉིས་པ་དེ་ལ་ཆོས་ལུགས་མི་འདྲ་བའི་དབང་གིས་བཟང་སྤྱོད་ཀྱི་ལྟ་གྲུབ་མི་འདྲ་བ་མང་པོ་ཞིག་དང་། གསུམ་པ་དེ་ལ་ཆོས་ལ་ཡིད་ཆེས་མེད་མཁན་དེ་ཚོར་མ་ཁྱབ་པ་དང་། ལྷག་པར་དུ་ཚན་རིག་གི་རྗེས་འཇུག་པ་ཚོས་ཆོས་ནས་བྱུང་བའི་གནས་སྟངས་དེ་ཚོར་ཟུར་ཟ་ལྟ་བུ་ལྟ་ཡི་ཡོད་ཙང་། ཚང་མས་ཁས་ལེན་བྱེད་རྒྱུའི་གནས་སྟངས་མེད་པ་དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་ད་ལྟ་ང་ཚོས་བཟང་སྤྱོད་དེ་ཤེས་ཡོན་གྱི་ལམ་སྲོལ་གྱི་ནང་འཁྱེར་དགོས་ཀྱི་ཡོད་ན། ཆོས་ལུགས་དང་མ་འབྲེལ་བ་ཞིག་མ་བྱས་ཐབས་མེད་གཟིགས་པ་རེད། ཆོས་ལུགས་དང་མ་འབྲེལ་བ་ཞིག་ཡོད་པ་ཡིན་ན་དཀའ་ངལ་གང་ཡང་མེད་པར་སློབ་ཚན་གཞན་པ་དང་གཅིག་མཚུངས་རེད། སྤྱི་ཚོགས་ཚན་རིག་དང་། དངོས་ཁམས་རིག་པ་སོགས་གང་ཞིག་བསླབས་ཀྱང་། ཚང་མར་གཅིག་གྱུར་བྱས་ཏེ་བསླབ་ནས་འགྲོ་རྒྱུ་ཞིག་རེད་མ་གཏོགས་རིག་པའི་གཞུང་ལུགས་དེའི་ནང་ཡོད་པའི་གནས་སྟངས་དེ་དག་ལྟ་གྲུབ་ཀྱི་ཆ་གང་འདྲ་ཞིག་ཡོད་ཀྱང་། གཅིག་གྱུར་ཆགས་ཀྱི་རེད་མ་གཏོགས་ཁ་ཤས་ཀྱིས་འདི་ང་ཚོས་ཁས་བླང་གི་རེད་ཅེས་དང་དུ་ལེན་པ་དང་། ཁ་ཤས་ཀྱིས་འདི་ང་ཚོས་ཁས་བླང་གི་མ་རེད་ཅེས་དང་དུ་མི་ལེན་ཞེས་ལབ་རྒྱུ་མེད་པ་ཆགས་ཀྱི་རེད། དཔེར་ན། ཆོས་ལུགས་དང་འབྲེལ་བའི་བཟང་སྤྱོད་ལྟ་བུར་ཆ་བཞག་ན། ཆོས་ལུགས་ཀྱི་ནང་གཞི་རིམ་གྱི་འཇིག་རྟེན་བཀོད་པ་པོ་ཁས་ལེན་མཁན་དང་། འཇིག་རྟེན་བཀོད་པ་པོ་ཁས་མ་ལེན་མཁན་ཁག་གཉིས་ཡོད་རེད། འཇིག་རྟེན་བཀོད་པ་པོ་ཁས་ལེན་མཁན་གྱི་བཟང་སྤྱོད་དེ་དག་གཅིག་བྱས་ན་འཇིག་རྟེན་བཀོད་པ་པོ་ཁས་མི་ལེན་ཚོར་ངན་སྤྱོད་ཆགས་རྒྱུའི་ཉེན་ཁ་ཡོད་རེད། དེ་བཞིན་བདག་ཁས་ལེན་མཁན་དང་བདག་ཁས་མི་ལེན་མཁན་དེ་གཉིས་པོའི་གཞི་རིམ་གྱི་ལྟ་གྲུབ་འགལ་བ་ཡིན་ཙང་། བཟང་སྤྱོད་དེ་ཡང་མི་འདྲ་བར་འགྲོ་རྒྱུའི་ཉེན་ཁ་ཡོད་པར་བརྟེན། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་གསུངས་དགོས་པའི་རྒྱུ་མཚན་དེ་འདྲ་ཡིན་པ་རེད། ང་ཚོས་ཚིག་བེད་སྤྱོད་གཏོང་སྐབས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་གསུང་དགོས་ཀྱི་ཡོད་རེད་མ་གཏོགས། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་བརྗོད་ན་ཚིག་དེ་ཕྲན་བུ་མ་བདེ་བ་ཞིག་ཆགས་ཀྱི་རེད། ཆོས་དང་མ་འབྲེལ་བ་ཡོང་རྒྱུ་ཁག་པོ་རེད། ཆོས་དང་ཆོས་ལུགས་གཉིས་པོ་དེ་དཔེར་ན། Buddha Dharma ཞེས་ལབ་པ་ཡིན་ན༑ སངས་རྒྱས་ཀྱི་ཆོས་དང་། Buddhism ཞེས་ ism ཞེས་པའི་ཚིག་དེ་སླེབས་པ་ཡིན་ན་ལུགས་ཤིག་ཆགས་འགྲོ་ཡི་ཡོད་རེད། བྱས་ཙང་མང་པོ་ཞིག་གིས་ལབ་ཀྱི་ཡོད་པ་ལྟར། དེ་ལ་ལྟ་གྲུབ་ཡོད་རེད་དེ། ism ཡོད་མ་རེད། ཨིན་སྐད་དུ་ ism ཞེས་པ་དེ་བོད་སྐད་དུ་ལུགས་ཞེས་པའི་ཚིག་དེ་བེད་སྤྱོད་བཏང་བ་ཡིན་ན། དང་པོ་འདིར་རང་བཞིན་གྱི་གཞི་རྩའི་ལྟ་གྲུབ་སྟེ༑ ཨིན་སྐད་དུ་ principle དང་། ཆུ་ཡིན་ན་བརླན་ཞིང་གཤེར་བ། མེ་ཡིན་ན་ཚ་ཞིང་སྲེག་པ། དེ་ཁོ་རང་གི་གནས་ལུགས་དེ་འདྲ་ཞིག་ཡོད་རེད་བཤད་པ་དེ་རང་བཞིན་གྱི་གནས་སྟངས་ཤིག་རེད། དེ་གྲུབ་མཐའི་སྒྲོམ་གཞི་ཆེན་པོ་ཞིག་གི་ནང་སྦྱར་ནས་ཚུར་སླེབས་དུས་ལུགས་ཤིག་དང་འབྲེལ་བ་ཆགས་ཏེ་དེ་འདྲ་ཆགས་ཀྱི་ཡོད་རེད། བྱས་ཙང་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་གསུངས་པ་ཡིན་ན། Secular Ethics གྱི་གནས་སྟངས་དང་འགྲོ་ཆེ་བ་བཅས་གང་ལྟར་༧སྐྱབས་མགོན་རིན་པོ་ཆེས་དུས་རབས་ཉེར་གཅིག་པ་དང་ཉེར་གཉིས་པའི་སྐྱེ་འགྲོའི་དོན་དུ་བཟང་སྤྱོད་གལ་ཆེན་པོ་ཡིན་པ་དང་། བཟང་སྤྱོད་དེ་ལག་ལེན་ལ་བསྟར་རྒྱུའི་ཆེད་ཤེས་ཡོན་སློབ་གསོའི་ནང་བཟང་སྤྱོད་ཀྱི་ཆ་ཤས་ཤིག་ཡོད་དགོས་པ་དང་། ཡོད་པ་དེ་ཡང་ཆོས་ལུགས་དང་མ་འབྲེལ་བ་བྱས་ཏེ་ཆོས་ལུགས་འདྲ་མིན་སྣ་ཚོགས་དང་། ཆོས་ཡོད་མེད་ཡོངས་སུ་རྫོགས་པར་གཅིག་གྱུར་ལ་ཁྱབ་ཐུབ་པའི་བཟང་སྤྱོད་ཀྱི་གནས་བབ་ཅིག་དགོས་ཀྱི་ཡོད་པ་གཟིགས་ནས། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པའི་ཞལ་གདམས་སམ་གདམས་ངག་དེ་གནང་དགོས་པའི་རྒྱུ་མཚན་དེ་འདྲ་རེད། རྒྱུ་མཚན་དེ་དག་དངོས་ཡོད་གནས་སྟངས་ཤ་སྟག་རེད། དེ་འདྲ་བའི་གདམས་ངག་སྟོན་པའི་རིག་པའི་གཞུང་ལུགས་ད་ལྟ་བོད་སྐད་ཐོག་ཧ་ལམ་ཕལ་ཆེར་མེད་པའི་བཟོ་འདྲ་ཞིག་རེད། དེ་ཐོག་མར་འགོ་འཛུགས་ས་དེ་༧སྐྱབས་མགོན་རིན་པོ་ཆེས་ལྗགས་རྩོམ་གནང་བའི་དགའ་བདེའི་སྒྱུ་རྩལ་ Art of Happiness ཞེས་པའི་ཕྱག་དེབ་དེ་རེད། Art of Happiness ཞེས་པ་དེའི་ནང་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ Secular Ethics ཀྱི་ས་བོན་དང་པོ་དེ་དང་། དེ་ནས་ Good Heart ཞེས་པའི་ནང་ལའང་ཕྲན་བུ་ཞིག་ཡོད་རེད། དེ་རྗེས་སྟོང་ལོ་གསར་པར་ Ethics for the New Millenium ཞེས་པའི་ནང་བཟང་སྤྱོད་གང་འདྲ་དགོས་ཀྱི་རེད་ཅེས་པའི་སྐོར་རེད། དེའི་རྗེས་ལ་མཐའ་མ་དེ་ན་ནིང་ལོ་གཅིག་གཉིས་གོང་ལྗགས་རྩོམ་གནང་བའི་ Beyond Religion: Ethics for a Whole World ཞེས་པའི་ནང་མང་ཆེ་བ་ཞིབ་ཚགས་བྱས་ནས་བཀོད་ཡོད་རེད། བྱས་ཙང་རིག་པའི་གཞུང་ལུགས་ལྟ་བུར་མཚོན་པ་ཡིན་ན། འདིའི་སྐོར་ལ་སྤྱི་ཡོངས་ཀྱི་གོ་བ་རགས་ཙམ་མེད་པ་ཡིན་ན། གོང་དུ་ཞུས་པའི་༧སྐྱབས་མགོན་རིན་པོ་ཆེའི་ཕྱག་དེབ་དེ་ཚོའི་ནང་ལའང་ཕྲན་བུ་ཁ་འཐོར་བསྡད་པ་ལྟ་བུ་ཞིག་ཡོད་རེད། སྤྱི་ཡོངས་ཀྱི་གོ་བ་རགས་པ་ཙམ་ཞིག་ཡོད་ན་ཕྱག་དེབ་དེ་ཚོ་ནས་ཚུར་རུབ་རུབ་བཟོས་ཏེ་གོ་བ་ཆགས་ཐུབ་རྒྱུ་ཡོད་རེད། ཆོས་ལུགས་དང་མ་འབྲེལ་བ་ཞེས་པ་དེར་ད་དུང་གནས་ཚུལ་གཞན་ཞིག་ཞུས་པ་ཡིན་ན། ༧སྐྱབས་མགོན་རིན་པོ་ཆེའི་རྣམ་དཔྱོད་གསར་གཏོད་ཀྱི་གྲས་སུ་ཆོས་ལུགས་གང་འདྲ་ཞིག་ཡིན་ཡང་། ལྷག་པར་དུ་ནང་པའི་གཞུང་ལུགས་ལྟ་བུར་ཆ་མཚོན་པ་ཡིན་ན༑ ནང་པའི་སྡེ་སྣོད་གསུམ་གྱི་བརྗོད་བྱ་ལ་དབྱེ་བ་ཕྱེ་པ་ཡིན་ན་ཚན་རིག་གི་ཆ་དང་། ལྟ་གྲུབ་ཀྱི་ཆ། ཆོས་ཀྱི་ཆ་བཅས་གསུམ་དུ་དབྱེ་རྒྱུ་ཡོད་རེད། བྱས་ཙང་རྡུལ་ཕྲན་གང་འདྲ་གྲུབ་ཡོད་མེད་དང་། འཇིག་རྟེན་གང་འདྲ་ཆགས་པ་རེད་ཅེས་པའི་གཞི་དངོས་པོའི་གནས་ལུགས་དེ་དག་ཚན་རིག་གི་ཆ་དང་། བདག་ཡོད་དམ་མེད། དངོས་པོ་བདེན་པར་གྲུབ་པ་རེད་དམ་མ་རེད། ཕྱི་རོལ་གྱི་དོན་གྲུབ་ཡོད་དམ་མེད་ཅེས་པ་འདི་ཚོ་ལྟ་གྲུབ་ཀྱི་ཆ་དེ་རེད། ལམ་གང་འདྲ་བྱས་ཏེ་ཉམས་སུ་ལེན་དགོས་པ་དང་། སྒྲིབ་པ་གཉིས་པོ་གང་འདྲ་བྱས་ཏེ་སྤང་དགོས་སམ། ལམ་ཉམས་ལེན་བྱས་ཏེ་ས་ལམ་གྱི་རིམ་པ་ཇི་ལྟར་བགྲོད་དགོས་སམ། དེ་བགྲོད་པ་ཡིན་ན་མཐར་ཐུག་གི་འབྲས་བུ་གང་འདྲ་ཐོབ་བམ་ཞེས་པ་འདི་ཚོ་ཆོས་ཀྱི་ཆ་ཡིན་ཙང་ཆོས་ལུགས་ཀྱི་ཆ་དེ་ཆོས་པའི་དོན་དུ་རེད། དེ་མིན་གྱི་ལྟ་གྲུབ་ཀྱི་ཆ་དང་ཚན་རིག་གི་ཆ་དེ་ཆོས་ཁས་ལེན་མིན་དང་། ཆོས་ལུགས་གང་འདྲ་ཞིག་ཡིན་ཡང་སོ་སོའི་གཞུང་ནས་བཤད་པའི་ཚན་རིག་གི་ཆ་དང་ལྟ་གྲུབ་ཀྱི་ཆ་དེ་དག་ཚང་མས་སློབ་སྦྱོང་བྱེད་འོས་པ་ཞིག་ཆགས་ཀྱི་ཡོད་རེད། ཚང་མས་སློབ་སྦྱོང་བྱེད་འོས་པ་ཟེར་དུས་ཚང་མས་དེ་དག་ཁས་བླང་དགོས་རེད་ཅེས་ཟེར་གྱི་ཡོད་མ་རེད། དཔེར་ན། ང་ཚོ་ནང་པ་ལྟ་བུར་ཆ་བཞག་པ་ཡིན་ན། ནང་པ་རང་ལ་གྲུབ་མཐའ་མི་འདྲ་བ་བཞི་ཡོད་རེད། བཞི་པོ་དེས་སོ་སོས་གྲུབ་མཐའ་བཟུང་བ་མ་གཏོགས། གྲུབ་མཐའ་གཞན་པ་ཚང་མ་ཁས་ལེན་གྱི་ཡོད་མ་རེད། ཡིན་ནའང་དཔྱད་བྱའི་གཞི་ལྟ་བུར་སློབ་སྦྱོང་བྱེད་ཀྱི་ཡོད་ཙང་། སངས་རྒྱས་པའི་གཞུང་ལུགས་ནང་བཤད་པ་ཞིག་ཡིན་ཕྱིན་ཆད་ཆོས་ལུགས་དང་འབྲེལ་བ་ཡོད་པ་ཞིག་ཡིན་དགོས་ཀྱི་ཡོད་མ་རེད། ཆོས་ལུགས་དང་མ་འབྲེལ་བ་ཞེས་བཤད་པའི་སྐབས་སུ། ཆོས་ལུགས་དེ་དང་འབྲེལ་བའི་གཞི་ལམ་འབྲས་གསུམ་དང་། ལམ་དང་འབྲས་བུའི་རྣམ་གཞག་ཉམས་སུ་ལེན་པའི་རིམ་པ་དེ་དག་ཆོས་རང་གི་ཆ་རེད། དེ་དང་མ་འབྲེལ་བ་ཞེས་ལབ་ཀྱི་ཡོད་རེད། དེ་ཙམ་ཞིག་ཞུས་པ་ཡིན་ན་ཕལ་ཆེར་འགྲིག་གི་ཡོད་རེད་བསམ་གྱི་འདུག

དོན་ཚན་གསུམ་པ་དེར་༧སྐྱབས་མགོན་རིན་པོ་ཆེས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པ་འདི་གཞི་རྩའི་གྲུབ་དོན་གང་འདྲ་ཞིག་ལ་ཆ་བཞག་ནས་བཀའ་གནང་ཡོད་རེད་ཅེ་ན། དེ་ལའང་དཔེར་ན། ང་ཚོ་ནང་པའི་སྐད་ཆ་ཞིག་བཤད་པ་ཡིན་ན། ནང་པའི་གྲུབ་མཐའ་གང་འདྲ་ཞིག་ཡིན་ཡང་དེའི་ཐོག་མའི་འབྱུང་ཁུངས་ལྟ་བུ་དེ་འདུས་བྱས་ཐམས་ཅད་མི་རྟག་པ་དང་། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་ཞེས་ལབ་ཀྱི་ཡོད་རེད། དེ་བཞི་པོའི་ཐོག་ནས་ནང་པའི་གྲུབ་མཐའ་བཞིའི་སྒྲོམ་གཞི་འདི་བསླངས་ཡོད་རེད། དེ་མཚུངས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པའི་སྒྲོམ་གཞི་བསླང་རྒྱུའི་གཞི་རྩ་དེ་དངོས་པོའི་གནས་ལུགས་ཏེ། ༧སྐྱབས་མགོན་རིན་པོ་ཆེས་ཨིན་སྐད་ཐོག་ reality ཞེས་གསུང་གི་ཡོད་རེད། དངོས་པོའི་གནས་ཚུལ་ Ground reality གང་འདྲ་ཞིག་གི་ཐོག་ལ་ཡིན་ནའང་ང་ཚོ་འགྲོ་ཡི་ཡོད་རེད། དེའི་ཐོག་ནས་ང་ཚོས་བྱ་བ་གང་འདྲ་ཞིག་བརྩམས་ཀྱང་དེ་ལྟར་འགྲོ་རྒྱུ་ཡིན་པ་རེད། དེའི་ལྟ་གྲུབ་དང་པོ་དེ་སེམས་ཅན་ཐམས་ཅད་འདྲ་མཉམ་ཡིན་པ་སྟེ། དེང་རབས་ཀྱི་སྐད་ཆ་ཤོད་སྟངས་ལྟར་བྱས་པ་ཡིན་ན། མིའི་སྤྱི་ཚོགས་འདྲ་མཉམ་ཡིན་པ་དེ་མང་བ་བཤད་ཀྱི་འདུག Humanity མ་གཏོགས་སེམས་ཅན་ཐམས་ཅད་ཤོད་མཁན་ཉུང་ཉུང་ཡོད་རེད། མིའི་སྤྱི་ཚོགས་དེ་བཤད་མི་དགོས་པ་བྱས། མི་ལས་གཞན་པའི་དུད་འགྲོས་མཚོན་པའི་འགྲོ་བ་རིགས་དྲུག་གི་སྲོག་ཆགས་སེམས་ཅན་ཞིག་ཡིན་ཕྱིན་ཆད་ལ་ཁྱད་པར་འབྱེད་རྒྱུ་གང་ཡང་མེད་པར་ཚང་མ་འདྲ་མཉམ་རེད། འདྲ་མཉམ་ཡིན་པ་དེ་དངོས་ཡོད་ཀྱི་གནས་སྟངས་ཤིག་ཆགས་ཀྱི་ཡོད་རེད། འདྲ་མཉམ་ཡིན་པའི་རྒྱུ་མཚན་གསུམ་ཡོད་རེད།

རྒྱུ་མཚན་དང་པོར་སྲོག་ཆགས་ཤིག་ཡིན་ཕྱིན་ཆད་ལ་བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་པ་གཅིག་གྱུར་རེད། སྡུག་བསྔལ་འདོད་མཁན་དང་བདེ་བ་མི་འདོད་མཁན་སུ་ཡང་ཡོད་མ་རེད། སྡུག་བསྔལ་དང་བདེ་བ་ངོས་མ་བཟུང་བ་དེ་འདྲ་ཡོང་སྲིད་པ་རེད་མ་གཏོགས་སྡུག་བསྔལ་དང་བདེ་བ་ངོས་འཛིན་མཁན་ཞིག་ཡིན་ན། རང་གིས་སྡུག་བསྔལ་ལ་བརྩིས་པ་དེ་མི་འདོད་པ་དང་། རང་གིས་བདེ་བ་ལ་བརྩིས་པ་དེ་འདོད་མཁན་ཞིག་ཡིན་པ་ནི་སྲོག་ཆགས་ཡིན་ཕྱིན་ཆད་ལ་ཚང་མར་མཉམ་པ་རེད། རྒྱུ་མཚན་གཉིས་པར་སྲོག་ཆགས་ཡིན་ཕྱིན་ཆད་ལ་བདེ་བ་སྒྲུབ་པ་དང་། སྡུག་བསྔལ་སེལ་བའི་ཐོབ་ཐང་འདྲ་མཉམ་རེད། སྲོག་ཆགས་དང་སེམས་ཅན་འདི་ལ་བདེ་བ་སྒྲུབ་པ་དང་སྡུག་བསྔལ་སེལ་བའི་ཐོབ་ཐང་ཡོད་མ་རེད་ཅེས་ལབ་རྒྱུ་ཡོད་མ་རེད། དེ་ནི་སྐྱེས་ཙམ་ཉིད་ནས་ཡོད་པའི་རང་བཞིན་གྱི་ཐོབ་ཐང་ཞིག་རེད། birthright དེ་ལ་གཞི་རིམ་གྱི་ཐོབ་ཐང་ fundamental right ཞེས་ལབ་ཀྱང་འགྲིག་གི་ཡོད་རེད། སྲོག་ཆགས་ཡིན་ཕྱིན་ཆད་ལ་བདེ་བ་སྒྲུབ་པ་དང་སྡུག་བསྔལ་སེལ་རྒྱུའི་ཐོབ་ཐང་ཡོད་པ་གཅིག་གྱུར་རེད།

རྒྱུ་མཚན་གསུམ་པར་སྲོག་ཆགས་ཤིག་ཡིན་ཕྱིན་ཆད་ལ་བདེ་བ་སྒྲུབ་པ་དང་སྡུག་བསྔལ་སེལ་བའི་ནུས་པ་ potential ཡོད་པ་ཡང་གཅིག་པ་རེད། ང་ཚོ་ནང་པའི་ལྟ་གྲུབ་ཀྱི་ཆ་ནས་བཤད་པ་ཡིན་ན། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སངས་རྒྱས་ཀྱི་ས་བོན་ཡོད། སངས་རྒྱས་རུང་ཡིན་ཞེས་པ་དེ་ག་རེ་ལབ་ཀྱི་ཡོད་རེད་ཅེ་ན། དཔེར་ན། གླང་པོ་ཆེ་ཞིག་ཡིན་ནའང་རེད། དེ་བཞིན་མིག་གིས་ཟིན་ལ་མ་ཟིན་པའི་དུག་སྦྲང་ཆུང་ཆུང་ཞིག་ཡིན་ནའང་རེད། ལུས་ཀྱི་ཆ་ནས་ཞེ་དྲག་ཆེ་ཆུང་ཡོད་རེད་དེ། དེ་གཉིས་སེམས་ཀྱི་སྟེང་དུ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་རྒྱུའི་ནུས་པ་དེ་གཅིག་གྱུར་ཡོད་པ་མ་གཏོགས། ལུས་ཆེ་བ་ལ་ཆེ་བ་ཡོད་པ་དང་། ལུས་ཆུང་བ་ལ་ཆུང་བ་དེ་འདྲ་གང་ཡང་ཡོད་མ་རེད། བྱས་ཙང་རྒྱུ་མཚན་དེ་གསུམ་པོའི་ཐོག་ནས་སེམས་ཅན་ཡིན་ཕྱིན་ཆད་གཅིག་གྱུར་རེད་མ་གཏོགས། དེ་མཆོག་རེད། དེ་དམན་པ་རེད། ཁོ་ལ་བདེ་བ་དགོས་རེད། ཁོ་ལ་བདེ་བ་དགོས་མ་རེད་ཅེས་ལབ་རྒྱུ་མེད་པར་གཅིག་གྱུར་ཡིན་པ་དེ་དངོས་ཡོད་གནས་སྟངས་རེད།

དེ་བཞིན་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་གྱུར་ཡིན་ཡང་། བདེ་བའི་རྒྱུ་གང་ཡིན་པ་དང་། སྡུག་བསྔལ་གྱི་རྒྱུ་གང་ཡིན་པ་དེ་མ་ཤེས་པར་འཁྲུག་བསྡད་པ་ཚང་མ་གཅིག་གྱུར་མ་རེད་དེ། མང་ཆེ་བ་ཞིག་དེ་འདྲ་ཡོད་རེད། དེ་འདྲ་སོང་ཙང་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པའི་ག་རེ་ངོ་སྤྲོད་བྱེད་ཀྱི་ཡོད་རེད་ཅེ་ན། བདེ་བ་འདོད་པ་ཡིན་ན་བདེ་བའི་རྒྱུ་གང་འདྲ་ཞིག་བསྒྲུབ་དགོས་ཀྱི་རེད། སྡུག་བསྔལ་མི་འདོད་པ་ཡིན་ན་སྡུག་བསྔལ་གྱི་རྒྱུ་གང་འདྲ་ཞིག་སྤང་དགོས་ཀྱི་རེད། དེ་དང་ཕྱོགས་མཚུངས་དངོས་ཡོད་གནས་ཚུལ་གཞན་པ་ཞིག་ག་རེ་ཡོད་རེད་ཅེ་ན། ད་ལྟ་གོང་དུ་ནུས་པ་གཅིག་པ་ཡོད་རེད་ཅེས་ཞུས་པ་བཞིན། ནུས་པ་གཅིག་པ་ཡོད་དགོས་པའི་རྒྱུ་མཚན་གང་རེད་ཅེ་ན། དྲི་མ་སེམས་ཀྱི་རང་བཞིན་ལ་མ་ཞུགས་པ་ཞེས་པ་ཞིག་ཡོད་རེད། སེམས་ཀྱི་རང་བཞིན་དེ་དྲི་མ་མེད་པ་བྱས། ཉོན་མོངས་པའི་བློ་དེ་ཚོ་གློ་བུར་བའི་བྱུང་རྐྱེན་ཞིག་བྱས་ནས། དེ་ལ་འགལ་ཟླ་ཡོད་པ་ཞིག་འགལ་ཟླ་དེ་བསྟན་པ་ཡིན་ན། ཉོན་མོངས་པའི་བློ་དེ་དག་གི་ཤུགས་མར་གཅོག་ཐུབ་རྒྱུ་དང་། དུས་ཡུན་ཐུང་དུ་གཏོང་ཐུབ་རྒྱུ། གནས་སྐབས་གནས་སྐབས་ལ་མི་སྐྱེ་བ་བྱེད་རྒྱུ། དེ་འདྲའི་གནས་སྟངས་དེ་ཚང་མས་བྱེད་ཐུབ་རྒྱུ་རེད། བསམ་བློ་དེ་སྦྱངས་པ་ཡིན་ན། དེ་ནི་ཚང་མས་བྱེད་ཐུབ་རྒྱུའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་རེད། དེ་འདྲ་སོང་ཙང་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱིས་སེམས་ཅན་སྤྱི་ཡོངས་ཀྱི་བདེ་དོན་སྒྲུབ་ཐུབ་པ་ཞིག་དང་། ལྷག་པར་དུ་མིའི་སྤྱི་ཚོགས་ཀྱི་ནང་དུད་འགྲོའི་སྤྱི་ཚོགས་དང་མི་འདྲ་བར་རྣམ་འབྱེད་ཀྱི་ཤེས་རབ་ཡོད་ཙང་དེ་སྒྲུབ་ཐུབ་རྒྱུའི་གནས་སྟངས་ཤིག་ཡོད་པ་དེའི་དབང་གིས་བྱུང་བ་རེད། ད་དུང་གཞི་རིམ་གྱི་དངོས་ཡོད་གནས་ཚུལ་ཞིག་ལ། བདེ་བ་དང་སྡུག་བསྔལ་ཞེས་པ་དེ་གཙོ་བོ་ཕྱིའི་རྐྱེན་ལ་བརྟེན་ནས་བྱུང་བ་མ་ཡིན་པར། ནང་གི་སེམས་རྒྱུད་ཀྱི་གནས་སྟངས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དེ་ཡང་དངོས་ཡོད་གནས་སྟངས་རེད། དེ་ནི་ཆོས་ཀྱི་གནས་ཚུལ་གང་ཡང་མ་རེད། བསམ་བློའི་འཁྱེར་ཕྱོགས་ཀྱི་ཁྱད་པར་གྱིས་ཉོན་མོངས་ཅན་གྱི་བློས་ negative emotion ཀུན་ནས་བསླངས་ཏེ་འགྲོ་བ་མིའི་སྤྱི་ཚོགས་ཀྱི་ནང་བཟང་ཕྱོགས་ཀྱི་བསམ་བློའི་ཚོར་སྣང་དང་ངན་ཕྱོགས་ཀྱི་བསམ་བློའི་ཚོར་སྣང་ཞིག་བཅས་གཉིས་ཡོད་པ་དེ་ཡང་དངོས་ཡོད་གནས་ཚུལ་རེད། ངན་ཕྱོགས་ཀྱི་བསམ་བློའི་འགྱུར་བག་དེས་སྡུག་བསྔལ་འདྲེན་ཡོང་རྒྱུ་དང་། བཟང་ཕྱོགས་ཀྱི་བསམ་བློའི་འགྱུར་བག་དེས་བདེ་བ་འདྲེན་ཡོང་རྒྱུ་དེ་དངོས་ཡོད་གནས་སྟངས་ཤིག་རེད། དེ་འདྲ་བའི་སེམས་ཀྱི་འགྱུར་བག་དེ་དག་སེམས་ཀྱི་རང་བཞིན་ལ་མ་ཞུགས་པར་གློ་བུར་བ་ཡིན་ཙང་བློ་སྦྱངས་པ་ཡིན་ན་བསྒྱུར་བཅོས་གཏོང་རྒྱུ་ཡོད་པ་དེ་ཡང་དངོས་ཡོད་གནས་སྟངས་ཤིག་རེད། བློ་སྦྱངས་པ་ཡིན་ན་བསྒྱུར་བཅོས་གཏོང་རྒྱུ་ཡོད་པ་དེ་ཡང་ཚན་རིག་པའི་ཉམས་ཞིབ་བྱས་ཏེ་བཤད་ཀྱི་ཡོད་རེད། སྔོན་མ་ཡིན་ན་སེམས་དང་ཀླད་པ་གཉིས་པོ་གཅིག་པ་མ་གཏོགས། ཀླད་པ་ལས་གཞན་པའི་སེམས་ཤིག་ཚན་རིག་པའི་ཁས་མི་ལེན་པ་རེད། ༧སྐྱབས་མགོན་རིན་པོ་ཆེས་འདས་པའི་ལོ་སུམ་ཅུ་སོ་གྲངས་ཀྱི་རིང་ལ་ཚན་རིག་པ་དང་ལྷན་དུ་བགྲོ་གླེང་གནང་བའི་གྲུབ་དོན་ལ། ད་ལྟ་ཚན་རིག་པ་སྤྱི་དང་། ལྷག་པར་དུ་ཀླད་པའི་ཚན་རིག་པ་དང་། དངོས་ཁམས་རིག་པའི་ཚན་རིག་པ་དེ་ཚོའི་ལྟ་གྲུབ་ཀྱི་གཞི་རིམ་ནང་བསམ་བློ་གཏོང་སྟངས་ཀྱི་འགྱུར་བ་མང་པོ་འགྲོ་འགོ་ཚུགས་ཡོད། འདས་པའི་ལོ་བཅུ་ཕྲག་ལྷག་ཙམ་གྱི་རིང་ཀླད་པའི་ཚན་རིག་པ་དེ་ཚོའི་བསམ་བློའི་ནང་ཀླད་པ་ལས་གཞན་པའི་སེམས་ཞེས་པ་ཞིག་ཡོད་མ་རེད་ཅེས་ཐག་བཅད་ནས་ལབ་རྒྱུ་དེ་ཤུགས་ཆུང་དུ་ཕྱིན་ནས། འདི་གཅིག་བལྟ་དགོས་ཀྱི་འདུག ཀླད་པ་ལས་ལོགས་སུ་གསལ་རིག་གི་སེམས་ཞེས་པ་ཞིག་ཡོད་ཀྱི་རེད་ཅེས་ད་ལྟ་ཐེ་ཚོམ་གྱི་གནས་སུ་སླེབས་ཡོད་རེད། ཐེ་ཚོམ་གྱི་གནས་ལ་སླེབས་ན་ཡག་པོ་རེད། མཐའ་གཅིག་འཛིན་གྱི་གནས་ནས་གོམ་པ་གང་འཚམས་བརྒྱབ་སྟེ་ཐེ་ཚོམ་གྱི་གནས་ལ་སླེབས་ཀྱི་ཡོད་རེད།

དེ་དང་ཕྱོགས་མཚུངས་ཀླད་པའི་རྡུལ་ཕྲན་ (brain cell) དེ་དག་གསར་དུ་སྐྱེ་རྒྱུ་དང་། འགྱུར་བ་གཏང་རྒྱུ་འདུག སྔོན་མ་ཡིན་ན་མི་ཞིག་ཤི་བ་ཡིན་ཡང་ཤི་རྐྱང་མ་གཏོགས་མི་ཚེའི་ནང་གསར་དུ་འོང་རྒྱུ་མེད་པའི་བསམ་ཚུལ་དེ་ཡོད་རེད། ད་ཆ་བསམ་ཚུལ་དེ་བཞག་ནས་ཕལ་ཆེར་གསར་དུ་འོང་རྒྱུ་ཡོད་པ་ཞིག་དང་། གང་ལྟར་དེ་ཚོ་མཉེན་ཆས་ཀྱི་བཟོ་འདྲ་པོ་ཞིག་མ་གཏོགས་མཁྲེགས་པོ་ཞིག་རེད་མི་འདུག ལོ་མང་པོ་སྒོམ་བརྒྱབ་པའི་མི་དེ་ཚོའི་ཀླད་པ་ལ་བརྟག་དཔྱད་བྱེད་རྒྱུ་དང་། གྲོངས་པའི་སྐབས་སུ་ཐུགས་དམ་ལ་བཞུགས་མཁན་དེ་ཚོ་ཀླད་པ་ལ་བརྟག་དཔྱད་བྱེད་རྒྱུ་དང་། དེ་ཚོའི་གྲུབ་དོན་ནས་མར་ཡོང་དུས་སྒོམ་རྒྱུན་རིང་རྒྱག་མཁན་གྱི་མི་དེ་ཚོའི་ཀླད་པའི་ནང་གི་རྡུལ་ཕྲན་དེ་ཚོར་འགྱུར་བ་གང་འདྲ་ཕྱིན་འདུག གསར་པ་གང་སྐྱེས་འདུག དེ་ཚོར་ལྟ་དུས་དངོས་མཐོང་གཟུགས་གྲུབ་ཀྱི་གསལ་རིག་གི་སེམས་དང་ཀླད་པ་གཉིས་པོ་དེ་དོན་གཅིག་མིང་གི་རྣམ་གྲངས་མིན་པ་ཞིག་དང་། ཡིན་པ་དེ་མཐའ་གཅིག་ཏུ་ཁས་ལེན་མི་ཐུབ་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་རེད། དེ་ལ་བརྟེན་ནས་བསམ་བློ་དེ་སྦྱངས་པ་ཡིན་ན་འགྲིག་རྒྱུ་ཞིག་དང་། ལྷག་པར་དུ་ཚན་རིག་པའི་གྲུབ་དོན་གཞན་ཞིག་གང་ཡོད་རེད་ཅེ་ན། མིའི་རང་བཞིན་དེ་བྱམས་བརྩེ་ཅན་ཡིན་པ་ལས་ཁྲོ་གཏུམ་ཅན་ཞིག་རེད་མི་འདུག ཁྲོ་གཏུམ་དང་ཁོང་ཁྲོ་དང་འཁོན་འཛིན་བཅས་པ་དེ་དག་ཡུལ་དུས་གནས་སྐབས་ལ་བརྟེན་ནས་རང་བཞིན་གྱིས་ཚུར་སླེབས་འོང་རྒྱུ་ཞིག་མ་གཏོགས། བསམ་བློ་ཁོ་རང་གི་རང་བཞིན་དང་པོ་ནས་ཁྲོ་གཏུམ་ཅན་ཞིག་རེད་མི་འདུག ད་དུང་ཚན་རིག་པས་བརྟག་དཔྱད་བྱས་པའི་གྲུབ་དོན་མང་པོ་ཡོད་རེད། དཔེ་མཚོན་ཞིག་ཞུས་པ་ཡིན་ན༑ ཕྲུ་གུ་སྐྱེས་ནས་ཁ་གྲག་མི་ཤེས་པའི་ཟླ་བ་ལྔ་དྲུག་ཕྱིན་པ་དེ་ཚོའི་མདུན་ལ་པར་དང་གཟུགས་མཐོང་བརྙན་འཕྲིན་ཐུང་ངུ་དེ་འདྲ་སྟོན་དུས། རྒྱག་རེས་རྒྱག་མཁན་གྱི་ཕྲུ་གུ་དང་། གཅིག་གིས་གཅིག་ལ་རྡུང་སྡོད་པའི་ཕྲུ་གུའི་པར་དེ་འདྲ་སྟོན་སྐབས། དེ་ལ་མི་དགའ་བའི་རྣམ་འགྱུར་གྱིས་དོ་སྣང་མི་བྱེད་པར་ཁ་ཕར་གཅུས་པ་དང་། གཅིག་གིས་གཅིག་ལ་བྱམས་སྐྱོང་བྱེད་རྒྱུའི་པར་དེ་འདྲ་བསྟན་པ་ཡིན་ན། དེ་ལ་བལྟས་པ་ཙམ་དུ་མ་ཟད་གད་མོ་ཤོར་ནས་ལག་པ་འཆང་རྒྱུའི་ཐབས་ཤེས་བྱེད་པ་དེ་འདྲ་མཐོང་དུས། ཕྲུ་གུ་སྐྱེས་ཙམ་ཉིད་ནས་རང་བཞིན་གྱིས་གནས་བབ་དེ་བྱམས་བརྩེ་ཅན་ཞིག་རེད་འདུག ཡིན་ནའང་ཁོང་ཁྲོ་དང་ཞེ་སྡང་ཟེར་བ་དེ་ཚོ་ཕྱིའི་ཁོར་ཡུག་བཟང་ངན་ལ་བརྟེན་ནས་སྐབས་དང་དུས་སུ་གསར་དུ་འོང་རྒྱུའི་ཤེས་པ་ཞིག་མ་གཏོགས་དང་ཐོག་ནས་ཡོད་པ་རེད་མི་འདུག ཤེས་པའི་རང་བཞིན་ལ་ negative emotion མ་ཞུགས་པ་དེ་ཚོ། ང་ཚོས་ཤོད་སྟངས་ལྟར་བྱས་ཏེ་ཚན་རིག་པས་ཁས་ལེན་གྱི་ཡོད་རེད།

དེ་འདྲ་ཡིན་དུས་དེ་རིང་སང་ཉིན་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་ཡར་རྒྱས་ཕྱིན་པ་དང་། ཡར་རྒྱས་འགྲོ་བཞིན་པ། ཡར་རྒྱས་འགྲོ་རྒྱུ་བསྡད་པའི་ལུང་པ་གང་དུ་ཡིན་ཡང་། ཕྲུ་གུ་ཆུང་ཆུང་སྐབས་ཤེས་ཡོན་གྱི་གོ་སྐབས་མ་ཐོབ་པ་ད་ལྟ་མེད་པ་མ་རེད་དེ་ཉུང་དུ་ཞེ་དྲག་འགྲོ་ཡི་ཡོད་རེད། མ་འོངས་པར་རྒྱལ་ཁབ་ཚོ་རིམ་པས་ཡར་རྒྱས་ཕྱིན་པའི་སྐབས་སུ་ཤེས་ཡོན་དེ་འགྲོ་བ་མི་རིགས་སྤྱི་ཡོངས་ལ་ཁྱབ་པ་ཞིག་ཏན་ཏན་ཆགས་ཀྱི་རེད་བསམ་གྱི་འདུག དཔེར་ན། རྒྱ་གར་རང་བཙན་ཐོབ་ནས་ལོ་དྲུག་ཅུ་ཕྱིན་པ་འདིའི་ནང་ལ་བལྟས་ཀྱང་། ཤེས་ཡོན་གྱི་དར་འཕེལ་ཞེ་དྲག་རྒྱ་ཆེན་པོ་རེད། ད་ལྟ་ཕྲུ་གུ་ཆུང་ཆུང་སློབ་གྲྭར་མ་ཞུགས་པར་ཡིག་རྨོངས་ཡིན་པའི་བརྒྱ་ཆ་ཞེ་དྲག་ཉུང་དུ་ཕྱིན་ཡོད་རེད། མ་འོངས་པར་ཆེ་ཆུང་ལ་མ་ལྟོས་པར་ཤེས་ཡོན་གྱི་གོ་སྐབས་ཤིག་ཚང་མར་རག་རྒྱུ་ཡོད་རེད། དེ་འདྲ་སོང་ཙང་དེ་སྐབས་ང་ཚོས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་དེ་འགྲོ་བ་མི་རིགས་སྤྱི་ཡོངས་ལ་སྤྲོད་ཐུབ་པ་ཡིན་ན། འཇིག་རྟེན་ཁྱོན་ཡོངས་འདིའི་སྤྱི་ཚོགས་ཀྱི་གནས་སྟངས་ལ་འགྱུར་འགྲོས་ཆེན་པོ་ཞིག་ཡོང་ཐུབ་ཀྱི་ཡོད་པ་དེ་༧སྐྱབས་མགོན་རིན་པོ་ཆེས་ཐུགས་རེ་གནང་གི་ཡོད་རེད། དེ་ནི་ལོ་བཅོ་ལྔ་དང་ཉི་ཤུ་ཞེས་པའི་གནས་སྟངས་མ་རེད། ལོ་ལྔ་བཅུ་དྲུག་ཅུ་དང་བརྒྱ་ཕྲག་གི་འཆར་སྣང་བྱས་ཏེ་འགྲོ་དགོས་པའི་གནས་སྟངས་ཤིག་རེད། དེ་འདྲའི་བཟང་སྤྱོད་དེ་ཆོས་ལུགས་དང་མ་འབྲེལ་བ་བྱས་ཏེ། ཤེས་ཡོན་གྱི་སློབ་ཚན་གྱི་ནང་འཁྱེར་ཡོང་དུས་སྒྲོམ་གཞི་ཞིག་དགོས་ཀྱི་ཡོད་རེད། ད་ལྟའི་ཆར་སྒྲོམ་གཞི་རགས་པ་གཉིས་ཙམ་ཡོད་རེད།

དང་པོ་དེར་ Mind and Life Institute ཀྱི་ Care ཞེས་པ་ནས་ཤོག་བུ་བརྒྱ་ལྷག་ཙམ་གྱི་ཡིག་ཆའི་སྒྲོམ་གཞི་ཞིག་བཟོས་པ་རེད། དེ་རྗེས་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་ནང་སློབ་དཔོན་བློ་བཟང་བསྟན་འཛིན་ལགས་ཁོང་ཚོའི་ཚོགས་ཆུང་ཞིག་ཡོད་རེད། ཁོང་ཚོས་ཟླ་བ་མང་པོ་སྐུ་ལས་བསྐྱོན་ཏེ་སྔོན་འགྲོའི་འཛིན་གྲྭ་ནས་འཛིན་གྲྭ་བཅུ་གཅིག་བཅུ་གཉིས་བར་སྒྲོམ་གཞི་འདི་གང་འདྲ་བྱས་ཏེ་བསླབ་དགོས་སམ་ཞེས་སློབ་ཚན་ཞིག་བཟོས་ཡོད་རེད། ད་ལྟ་རྒྱ་གར་ནང་ K.V. Bakshi གཤེགས་མཁན་གྱིས་བཟོས་པའི་ཁོང་ཚོའི་ལས་དོན་དང་། དེའི་ནང་སྒྲོམ་གཞི་བཞི་ཡོད་པ་ནས་དང་པོ་དེ་ཤོག་བུ་བརྒྱད་ཅུ་ཙམ་བྱས་པའི་ཐོག་མའི་ཟིན་བྲིས་དེ་ཁ་སང་རང་གྲུབ་འདུག སྒྲོམ་གཞི་དེ་ནི་སློབ་ཕྲུག་ཚོའི་ཆེད་དུ་མ་ཡིན་པར་བོད་སྐད་དུ་དགེ་རྒན་ཚོའི་ལག་དེབ་ (manual) ལྟ་བུ་ཡིན་པ་རེད། ང་ཚོས་དེའི་ནང་དུ་དགེ་རྒན་ཡང་མ་ལབ་པར་རོགས་བྱེད་མཁན་དང་། མཐུན་རྐྱེན་སྐྲུན་མཁན་ (facilitator) ལྟ་བུ་བཞག་ཡོད་རེད། དགེ་རྒན་ཞེས་པའི་ཚིག་དེ་ཨིན་སྐད་ནང་ teacher, teaching, taught ཞེས་དབྱེ་བ་གསུམ་དུ་ཆགས་ཀྱི་ཡོད་པ་གསལ་པོ་རེད། ད་ལྟ་ཆོས་ལུགས་དང་མ་འབྲེལ་བའི་སློབ་སྦྱོང་སྤྲོད་སྟངས་ཀྱི་ཐབས་ལམ་དེའི་དགེ་རྒན་ནི། ང་ཚོ་ནང་པའི་གཞུང་ལུགས་ནས་བཤད་པ་ལྟར་གྲོགས་པོ་དང་བཤེས་གཉེན་ཞིག་གི་འདུ་ཤེས་འཇོག་དགོས་ཤིང་། སཾསྐྲ་ཏའི་སྐད་མིཏྲ་ཞེས་པ་དེ་བོད་སྐད་ནང་བཤེས་གཉེན་དང་གྲོགས་པོ་ཞེས་གཉིས་ལ་བསྒྱུར་ཡོད་པ་མ་གཏོགས། ལེགས་སྦྱར་གྱི་སྐད་ནང་གཅིག་མ་གཏོགས་ཡོད་མ་རེད། ཀལྱཱཎ་མིཏྲ་ཞེས་ང་ཚོ་བོད་སྐད་ནང་དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་གཉིས་ལ་བསྒྱུར་ཡོད་པ་དང་། སྔགས་ཀྱི་སྐབས་སུ་བླ་མ་དང་སློབ་དཔོན་ཞེས་བྱུང་ཞིང་། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སྐབས་སུ་དགེ་རྒན་ལ་བཤེས་གཉེན་གྱི་འདུ་ཤེས་དང་གྲོགས་ཀྱི་འདུ་ཤེས་དེ་གཙོ་བོ་རེད། བྱས་ཙང་དགེ་ཕྲུག་གིས་གང་ཡང་མ་ཤེས་པ་ཞིག་དགེ་རྒན་གྱིས་ཚང་མ་ཤེས་པ་བྱས་ཏེ། དགེ་ཕྲུག་ལ་རེ་རེ་ངོ་སྤྲོད་བྱས་ཏེ་བསླབས་པ་དེས་དེ་རིང་སང་ཉིན་གནས་ཚུལ་མཁོ་སྤྲོད་ (information input) བྱ་རྒྱུའི་ལུགས་སྲོལ་དང་ཁྱད་པར་མེད་པ་རེད། ང་ཚོ་གྲྭ་སར་ཡིན་ནའང་དགེ་བའི་བཤེས་གཉེན་ནམ་དགེ་རྒན་ཚོས་ཕྱག་དཔེ་འཁྲིད་པའི་སྐབས་སུ་འདི་རེད། འདི་མ་རེད་ཅེས་ཞེ་དྲག་ཉུང་ཉུང་གསུང་གི་རེད། ག་དུས་ཡིན་ཡང་བགྲོ་གླེང་བྱས་ནས་རྟགས་གསལ་བཏང་སྟེ་རྩོད་པ་བརྩད་ནས། རྩོད་པའི་མཐའ་ལ་དགེ་ཕྲུག་གིས་ལབ་མ་བདེ་བ་ཞིག་བྱུང་རུང་ཟིན་མཚམས་འདི་འདྲ་བྱེད་དགོས་ཞེས་དགེ་རྒན་མང་ཆེ་བས་བསླབ་ཀྱི་མ་རེད། དགེ་རྒན་དང་དགེ་ཕྲུག་མཉམ་དུ་ཞིབ་འཇུག་བྱས་ཏེ་དཔྱད་མཐའ་རྙེད་པ་ཞིག་བྱུང་བ་ཡིན་ན། དེ་ནི་ཐོས་བསམ་ཟུང་དུ་འབྲེལ་བའི་སློབ་སྦྱོང་བྱེད་སྟངས་ཀྱི་གནད་འགག་ཁྱད་པར་ཅན་ཞིག་རེད། ཐོས་བསམ་ཟུང་འབྲེལ་གྱི་སློབ་སྦྱོང་ཞིག་བྱས་པ་ཡིན་ན། ཨིན་སྐད་ནང་ learning process, collective learning process ཞེས་པ་ལྟར་དགེ་རྒན་དང་དགེ་ཕྲུག་གཉིས་མཉམ་དུ་ learning process ནང་ལ་ཕྱིན་པ་ཡིན་ན། དེའི་སྦྱོང་བརྡར་བྱས་པ་དེ་དགེ་ཕྲུག་རང་གི་བདག་དབང་ཡོད་པ་ཞིག་ཆགས་ཀྱི་ཡོད་རེད། མངོན་པ་མཛོད་ཀྱི་ནང་ཐོས་བྱུང་གི་ཤེས་རབ་དེ་གཡར་བའི་ཤེས་རབ་ཡིན་གསུངས་ཡོད་རེད། གཡར་བ་ཞེས་ཟེར་ན་སོ་སོའི་མིན་པར་མི་གཞན་ཞིག་ནས་གཡར་བ་ཞིག་ཆགས་ཀྱི་ཡོད་ཙང་ཐོས་བསམ་ཟུང་འབྲེལ་གྱི་སློབ་སྦྱོང་ཆགས་ཀྱི་ཡོད་མ་རེད།

ད་ལྟ་ངས་སྒྲོམ་གཞི་མདོར་བསྡུས་ཤིག་ངོ་སྤྲོད་ཞུས་པ་ཡིན་ན། Mind and life གྱིས་བཟོས་པའི་ Care ཞེས་པ་དེའི་ནང་བྱམས་སྐྱོང་ཉམས་སུ་མྱོང་བ་ (receiving care) དང་། བྱམས་སྐྱོང་གོང་སྤེལ་གཏོང་བ། (development of self care) བྱམས་སྐྱོང་གཞན་ལ་སྤྲད་པ། (taking care the others) ཞེས་སྒྲོམ་གཞི་སྡེ་ཚན་གསུམ་ལ་ཕྱེ་ནས་ཁྱོན་ཡོངས་ཀྱི་བཟང་སྤྱོད་རྣམ་གཞག་དེ་གསུངས་ཡོད་རེད། སྤྱིར་བཏང་བཟང་སྤྱོད་ (ethics) ཅེས་པ་ཐད་ཀར་ཚུར་བསྒྱུར་པ་ཡིན་ན། ནང་པའི་ཚིག་ནང་ཚུལ་ཁྲིམས་ཞེས་པ་དེ་རེད། ཚུལ་ཁྲིམས་ཞེས་པ་ཆོས་ལུགས་ཀྱི་ཚིག་ཅིག་ཆགས་པ་ཡིན་ཙང་། ཉིན་རེའི་རྒྱུན་སྤྱོད་ཀྱི་ཚིག་ནང་འཁྱེར་ཡོང་དུས་བཟང་སྤྱོད་དང་། བཟང་ཞེས་པ་ཀུན་སློང་དང་བསམ་པ་དང་། སྤྱོད་ཅེས་པ་དེས་དྲངས་པའི་ལུས་ངག་གི་རྣམ་རིག་ཅིག་ལ་གོ་རྒྱུ་བཅས་གང་ལྟར་གང་ཟག་གཞན་དང་འབྲེལ་བ་བྱེད་སྟངས་ (relationship) སྐོར། བཟང་སྤྱོད་དང་ངན་སྤྱོད་ཡོང་སའི་གཞི་རྩ་དེ་གང་ཟག་གཞན་དང་འབྲེལ་བ་བྱེད་སྐབས་ཡོང་གི་ཡོད་ཙང་། ཐོག་མར་རང་གི་ཕ་མ་དང་། གྲོགས་པོ། དགེ་རྒན་གྱི་དྲུང་ནས་བྱམས་སྐྱོང་ལེན་པ་དེ་རང་རྒྱུད་ལ་ཉམས་ཆག་མ་ཕྱིན་པ་བྱས་ནས་ཡར་རྒྱས་གང་འདྲ་གཏོང་དགོས་མིན་དང་། ཡར་རྒྱས་བཏང་བ་དེ་མི་ལ་ཕར་བྱམས་སྐྱོང་གང་འདྲ་བྱས་ཏེ་བྱེད་དགོས་པ་བཅས་བྱམས་སྐྱོང་ལེན་ཤེས་མཁན་དང་མི་ཤེས་མཁན་གཉིས་ལའང་ཁྱད་པར་ཡོད་པ་རེད།

དེ་རྗེས་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དང་། རྒྱ་གར་ནང་བཟོས་པ་གཉིས་ལ་སྒྲོམ་གཞི་ཕྲན་བུ་མི་འདྲ་བ་ཡོད་རེད། སྒྲོམ་གཞི་དེ་མང་ཆེ་བ་ཚུལ་ཁྲིམས་གསུམ་གྱི་རྣམ་གཞག་དང་མཐུན་པོ་ཡོད་རེད། མཐུན་པོ་ཟེར་དུས་དེ་ནས་བླངས་པ་ཞིག་མ་རེད་དེ། དངོས་ཡོད་གནས་སྟངས་ཀྱི་ཆ་ནས་དེ་གསུམ་པོ་མ་ཚང་བ་ཡིན་ན་ཡོང་རྒྱུ་མེད་པ་ཞིག་རེད། བྱས་ཙང་དང་པོ་དེ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་འདྲ་པོ་རེད། སྤྱོད་པ་ངན་པ་ལས་ཚུར་གང་འདྲ་བྱས་ཏེ་ལྡོག་དགོས་པ་ Ethics of restraint དེ་རེད། ངས་ད་ལྟ་ཁ་ཐུག་བསྒྱུར་བཞག་པ་ཞིག་མ་གཏོགས་བོད་སྐད་ནང་ད་ལྟ་ཚིག་བཟོས་ཡོད་མ་རེད། ཚིག་དེ་ཚོ་རྗེས་སུ་གཏན་འཁེལ་བྱེད་དགོས་ཀྱི་ཡོད་རེད། ཉེས་སྤྱོད་ལས་ལྡོག་པ་ཞེས་པ་བྱ་བ་གང་དང་གང་འདྲ་ཞིག་ལ་གཞུག་རྒྱུ་དང་། དེ་ལས་ཚུར་གང་འདྲ་བྱས་ཏེ་ལྡོག་དགོས་པ་བཅས་ནི་དེའི་རྣམ་གཞག་དང་པོ་དེ་རེད། གཉིས་པ་དེ་དགེ་བའི་ཡོན་ཏན་ (Ethics of virtues) གང་འདྲ་བྱས་ཏེ་སྤེལ་དགོས་པ། གསུམ་པ་དེ་བྱམས་པ་དང་སྙིང་རྗེའི་ (Ethics of compassion) བཟོ་འདྲ་པོ་རེད། གང་ཡིན་ཞེ་ན་ཉེས་སྤྱོད་ལས་ལྡོག་པ་དང་། བཟང་སྤྱོད་སྤེལ་བ་གཉིས་ཀྱི་གཞི་རྩའི་ཀུན་སློང་དེ་བྱམས་བརྩེ་ལ་ཐུག་གི་ཡོད་རེད། དཔེར་ན། ཁྲིམས་ལ་ཞེད་ནས་སྲོག་གཅོད་པ་ཡིན་ན་བཙོན་ཁང་དུ་འགྲོ་བའམ། སྲོག་ལན་སྲོག་འཇལ་བྱེད་པའམ་ཡང་ན་སྐེ་ཐག་དཔྱངས་ནས་གསོད་པ་བཅས་ཀྱི་ཉེས་ཆད་རག་གི་རེད་བསམ་པའི་ཞེད་སྣང་གི་སྒོ་ནས་སྲོག་མ་གཅོད་པ་དེ་ནི་བཟང་སྤྱོད་མིན་པར་འཇིགས་པའི་འགྲོ་བ་ཞེས་པ་དེ་རེད། དེ་ནི་ཞེད་སྣང་བྱས་ཏེ་མ་བྱས་པ་རེད་མ་གཏོགས་ཞེད་སྣང་མེད་པ་ཡིན་ན་སྲོག་གཅད་རྒྱུའི་ཉེན་ཁ་ཡོད་རེད། རྐུན་མ་བརྐུས་པ་ཡིན་ན་བཙོན་ཁང་དུ་འགྲོ་གི་རེད་བསམ་པའི་ཞེད་སྣང་དེ་ནི་རང་དང་གཞན་ལ་ཁྱད་པར་མི་ལྟ་བས་ཡིན་པ་རེད། རང་གཞན་མཉམ་པ་ཤེས་པའི་ཐོག་ནས་གཞན་ལ་བརྩེ་བའི་སྒོ་ནས་སྲོག་མི་གཅོད་པ། གཞན་ལ་བརྩེ་བའི་སྒོ་ནས་རྐུན་མ་མི་བརྐུ་བ་དེ་ནི་དོན་དམ་པའི་བཟང་སྤྱོད་ཅེས་པ་དེ་རེད། ཞེད་སྣང་ངམ་འདོད་རྔམ་ (reward and punishment) གང་རུང་ལ་བརྟེན་ནས་བྱས་པ་དེ་ནི་བཟང་སྤྱོད་ལ་འགྲོ་ཐབས་མེད་ཅིང་། གང་ཡིན་ཞེ་ན། འདོད་རྔམ་དང་། འཇིགས་སྣང་སོགས་གང་ཡང་མ་ཡིན་པར་ཉེས་པ་ལས་ལྡོག་པ་དང་བཟང་པོའི་ཡོན་ཏན་སྤེལ་བ་གཉིས་ཀའི་འབྱུང་ཁུངས་དེ་བྱམས་བརྩེའི་སེམས་ (Ethics of compassion) ལ་བརྟེན་ནས་བྱུང་བ་ཞིག་ཡིན་ན་དེ་ནི་བརྟན་པོ་ཞིག་ཆགས་རྒྱུ་ངེས་པ་ཡིན། བྱམས་བརྩེ་རྐྱང་པ་ཡོད་པས་མི་འགྲིགས་པར་བྱམས་བརྩེ་དེ་ལེགས་ཉེས་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་གྲོགས་དང་བཅས་པ་ཞིག་དགོས་ཀྱི་ཡོད་རེད། དེ་ལྟར་མ་བྱུང་བ་ཡིན་ན་བྱམས་བརྩེ་ཁོ་ནས་བཟང་སྤྱོད་དང་ངན་སྤྱོད་ཀྱི་དབྱེ་བ་ཡག་པོ་བྱས་ཏེ་འབྱེད་ཐུབ་ཀྱི་མེད་དུས་དབྱེ་བ་འབྱེད་ཤེས་མཁན་དང་། Ethics for decernment, discrimination ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་གྲོགས་དང་བཅས་པའི་བཟང་སྤྱོད་ཅིག་ཡོང་རྒྱུར་ཤེས་རབ་གང་འདྲ་བྱས་ཏེ་སྐྱེ་དགོས་པ་དེ་སྒྲོམ་གཞི་བཞི་པ་དེ་རེད།

དེ་ལྟ་བུའི་སྒྲོམ་གཞི་བཞི་པོར་བརྟེན་ནས་དེའི་ནང་སློབ་སྟངས་གང་འདྲ་རེད་ཅེ་ན། བསམ་བློ་ལ་འགྱུར་བ་གཏོང་རྒྱུའི་ཐབས་ཤེས་བྱས་ཏེ༑ mindset བློ་ཡི་རྗེས་དཔག་དེ་ད་ལྟ་ཡོད་པ་ནང་བཞིན་མ་བཞག་པར། དགེ་རྒན་དང་དགེ་ཕྲུག་གཉིས་ཀའི་བསམ་བློའི་ནང་ཉོན་མོངས་ཅན་གྱི་བློ་དང་ཉོན་མོངས་མེད་པ་དགེ་བའི་བློ་གང་དང་གང་བྱུང་བ་ཞིབ་འཇུག་བྱས་ཏེ་བལྟས་ནས་སྟངས་འཛིན་བྱེད་རྒྱུ་དང་། སྟངས་འཛིན་བྱེད་སྟངས་དེ་ཡང་རྒྱུ་མཚན་གྱི་ལམ་ནས་མ་གཏོགས་དེ་ཡག་པོ་མེད་པས་བྱེད་རྒྱུ་ཡོད་མ་རེད། དེ་ཡག་པོ་རེད་ཅེས་ལབ་པ་ཙམ་མ་ཡིན་པར་ཡག་པོ་ཡིན་པ་དང་། ཡག་པོ་མ་ཡིན་པའི་རྒྱུ་མཚན་ག་རེ་ཡོད་པ་ཕྲུ་གུ་རང་ཉིད་ཀྱིས་རིགས་པའི་ལམ་ (logic and reason) ལ་བརྟེན་ནས་ཧ་གོ་ཐུབ་པ་བཟོ་དགོས། དེའི་ཆེད་དུ་བློ་སྦྱོང་དུས་སྐབས་རེར་དྲན་པ་དང་ཤེས་བཞིན་བསྟེན་སྟངས་དང་། དེ་རིང་སང་ཉིན་ mindfulness དང་། ལྷག་མཐོང་ vipassana ཞེས་པ་ལ་སོགས་པ་སྔོན་མ་ནས་ཆོས་དང་མ་འབྲེལ་བའི་ Secular བཟོས་གྲུབ་པ་རེད། དཔེར་ན་ Goenka ཡི་ལྷག་མཐོང་སྐོར་ཉིན་བཅུའི་སློབ་ཚན་དེ་ཚོ་ཡང་ནང་པའི་ཆོས་ལུགས་དང་དབྱེ་བ་ཕྱེ་ནས་སུ་དང་སུ་ཡོང་ཡང་འགྲིག་རྒྱུ་དང་། དེ་འགོ་ཚུགས་སྐབས་སྐྱབས་འགྲོ་དང་སྡོམ་པ་ལེན་རྒྱུ་དེ་ཚོ་མི་བྱེད་པ་དང་། སངས་རྒྱས་ཀྱི་སྐུ་ཡན་ཆད་མ་བཤམས་པར་འགྲོ་ཡི་ཡོད་རེད། དེ་བཞིན་ནུབ་ཕྱོགས་ལ་དྲན་པ་དང་ཤེས་བཞིན་གྱི་རྣམ་གཞག་ཅེས་པ་དེ་ཡང་ཆོས་ལུགས་དང་མ་འབྲེལ་བར་བྱས་ནས་སློབ་ཚན་བཟོས་ཏེ་འགྲོ་མཁན་མང་པོ་ཡོང་གི་འདུག གང་ལྟར་ད་ལྟ་ལག་དེབ་ཀྱི་ནང་བསམ་བློའི་གཟུགས་བརྙན་ནམ་ས་ཁྲ་ (mapping of mind) ལྟ་བུ་ཉིན་ལྟར་བཟོས་ནས། དཔེར་ན། གནའ་སྔ་མོ་བཀའ་གདམས་པའི་དགེ་བཤེས་འབན་གུང་རྒྱལ་བྲག་ཕུག་ནང་བཞུགས་སྐབས། ས་དཀར་ཞིག་དང་སོལ་བ་ཞིག་ཐུགས་ཉར་གནང་སྟེ་ཉོན་མོངས་ཅན་གྱི་བློ་རེ་སྐྱེ་སྐབས་སོལ་བ་ནག་པོས་ཐིག་རེ་འཐེན་པ་དང་། དགེ་བའི་བློ་རེ་སྐྱེ་སྐབས་ས་དཀར་གྱིས་ཐིག་རེ་འཐེན་ནས་དགོང་དྲོ་གཟིམ་ལ་ཉེ་བའི་སྐབས། དཀར་པོ་དང་ནག་པོ་གང་ཞིག་མང་བ་བྱུང་འདུག་གྲངས་ཀ་བརྒྱབ་ནས། དཀར་པོ་མང་བ་བྱུང་ཡོད་ན་རང་གིས་རང་ལ་གཟེངས་སུ་བསྟོད། ནག་པོ་མང་བ་བྱུང་ཡོད་ན་རང་གིས་རང་ལ་བཀའ་བཀྱོན་གནང་བའི་ལོ་རྒྱུས་ཡོད་རེད།

དེ་ལྟ་བུ་བྱས་ནས་གང་ལྟར་ཕྲུ་གུ་ཆུང་དུས་ནས་སེམས་ཀྱི་རྣམ་གཞག་ལ་ཁ་ནང་དུ་བསློགས་ནས་བལྟ་རྒྱུ་དང་། ཉོན་མོངས་ཅན་དང་དགེ་བའི་བློ་གཉིས་ཀྱི་ཁྱད་པར་འབྱེད་རྒྱུ་དང་། དེ་ག་དུས་ཡོང་མིན་བལྟ་རྒྱུ། ཉོན་མོངས་ཅན་གྱི་བློ་གཏན་ནས་སྤང་རྒྱུར་ཆོས་དང་མ་འབྲེལ་བ་བྱེད་རྒྱུ་ཡོད་མ་རེད། ས་བོན་དང་བཅས་པ་སྤང་རྒྱུ་ཞེས་པ་དེ་ཆོས་དང་། ལམ་གྱི་རྣམ་གཞག་ཅིག་རེད། དེ་མ་ཡིན་པའི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ནང་ཉོན་མོངས་ཅན་གྱི་བློ་ (negative emotion) དེ་དག་མ་སྐྱེས་གོང་དོགས་ཟོན་བྱས་ནས་སྐྱེ་རུ་མ་བཅུག་པའམ་ཤུགས་ཆེ་རུ་སྐྱེ་མ་བཅུག་པར་འགོག་རྒྱུའི་ཐབས་ཤེས་ཡོད་རེད། གལ་ཏེ་སྐྱེས་ཟིན་ཀྱང་དེ་ཤུགས་ཆུང་ངུའམ་དུས་ཡུན་ཐུང་དུ་གཏོང་རྒྱུ། ཁོང་ཁྲོ་ལྟ་བུ་ལངས་ཀྱང་ལམ་སང་ཡལ་འགྲོ་རྒྱུ། ཉིན་ནས་ཉིན་བསྟུད་དེ་གདོང་ནག་པོ་བྱས་ནས་སྡོད་མི་དགོས་པར། ཏོག་ཙམ་ཁོང་ཁྲོ་ལངས་ཀྱང་སོ་སོས་རྒྱུ་མཚན་བསམ་བློ་བཏང་སྟེ་ཡལ་འགྲོ་རྒྱུ། འདོད་རྔམ་སྐྱེས་པ་ཡིན་ནའང་ཡལ་འགྲོ་རྒྱུ། དེ་འདྲའི་གནས་སྟངས་དེ་ཆོས་ལུགས་དང་མ་འབྲེལ་བའི་ཐོག་ནས་བྱེད་ཐུབ་རྒྱུ་ཞིག་དང་། དེའི་ཐོག་ནས་བརྟན་བརླིང་དང་རྒྱུན་གནས་ (sustainable ethics) ཐུབ་རྒྱུ༑ དེ་ཡང་མར་བཀའ་བཏང་བ་ do’s and don’ts ལྟ་བུ་མ་ཡིན་པ། རང་རང་སོ་སོའི་བསམ་བློའི་ནང་རྒྱུ་མཚན་ཤེས་ཤིང་གནས་ཚུལ་མཐོང་བའི་ཐོག་ནས་བཟང་སྤྱོད་ལ་འགྲོ་ཐུབ་རྒྱུ། དེ་དང་ཆབས་ཅིག་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་བྱམས་བརྩེའི་གཞི་རྩ་དེ་ཟིན་པར་བྱས་ནས་དུས་དང་གནས་སྐབས་ཁོར་ཡུག་གང་འདྲ་ཞིག་གི་ཐོག་ལ་སྤྱོད་པ་གང་འདྲ་ཞིག་བྱས་པ་ཡིན་ནའང་བཟང་སྤྱོད་ཆགས་མིན་དེ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་དབྱེ་བ་འབྱེད་ཐུབ་པ་ཞིག་བྱུང་བ་ཡིན་ན་དངོས་གནས་དོན་ཕན་ལྡན་པ་ཞིག་ཡོང་གི་རེད།

དེ་འདྲ་སོང་ཙང་། Ethics of restraint, Ethics of virtues, Ethics of compassion and Ethics of decernment ཞེས་པའི་སྒྲོམ་བཞི་པོ་དེའི་ཐོག་ནས་བསླབ་རྒྱུ་ཞིག་དང་། དེའི་གནས་སྟངས་ཀྱང་སློབ་ཚན་བྱེ་བྲག་པ་ཞིག་མ་ཡིན་པར་ཨང་རྩིས་དང་། སྐད་ཡིག ས་ཁྲ། དཔལ་འབྱོར་རིག་པ། སྲིད་དོན་རིག་པ། སྤྱི་ཚོགས་རིག་པ་ལ་སོགས་སློབ་ཚན་ཡོངས་རྫོགས་ཀྱི་ནང་དེའི་ཆ་ཤས་ཀྱིས་ཁྱབ་ཐུབ་པ་བཟོ་རྒྱུའི་སྒྲོམ་གཞི་འདི་འདྲ་ཞིག་རེད། ད་ལྟ་དུས་ཚོད་རྫོགས་པར་སོང་ཁྱེད་རང་ཚོས་གཅིག་བྱས་ན་ Secular Ethics ཞེས་པ་དེ་མང་པོ་གསན་ཡོད་ངེས་ཀྱང་། སྤྱིར་བཏང་འདི་ནི་རིག་པའི་གཞུང་ལུགས་རྒྱ་ཆེན་པོ་ཞེ་དྲག་རེད། འོན་ཀྱང་རྩ་བའི་སྒྲོམ་གཞི་གང་འདྲ་ཡིན་མིན་ཐུགས་ལ་མ་དགོངས་པ་དེ་འདྲ་ཡོད་ན། ད་ལྟ་སྒྲོམ་གཞི་མདོར་བསྡུས་ཤིག་ཞུ་རྒྱུ་བྱུང་བ་དེས་ཐུགས་ཕན་གསོས་མི་ཡོང་ངམ་བསམ་གྱི་འདུག ཕྱག་བྲིས་ནང་འདི་ཕྱི་གཉིས་ལ་གལ་ཆེ་ཚུལ་ག་རེ་ཡོད་མེད་སྐོར་བཤད་དགོས་རེད་ཅེས་འཁོད་འདུག ང་ཚོས་ secular ཤོད་སྐབས་ཚེ་འདིའི་སྐོར་བཤད་ཀྱི་རེད་མ་གཏོགས་སྐྱེ་བ་རྗེས་མ་བཤད་ཀྱི་ཡོད་མ་རེད། སྐྱེ་བ་ཕྱི་མའི་སྐོར་བཤད་དུས་ཆོས་ལུགས་དང་འབྲེལ་འགྲོ་ཡི་ཡོད་རེད། Secular Ethics ལབ་སྐབས་ཚེ་འདིའི་ནང་དགོས་གལ་ག་རེ་ཡོད་པ་དེ་ཙམ་ཞིག་ལ་བཞག་པ་ཡིན་ན། མི་སུ་དང་སུ་ཡིན་ཡང་ཚེ་འདིར་བདེ་བ་མ་གཏོགས་སྡུག་བསྔལ་དགོས་ཀྱི་ཡོད་མ་རེད། ད་ལྟའི་གནས་སྐབས་སུ་འཇིག་རྟེན་སྤྱི་ཡོངས་འདིར་འཚེ་བ་དང་། ཁོར་ཡུག དཔལ་འབྱོར། ཆོས་ལུགས་འཐེན་འཁྱེར། མི་རིགས་འཐེན་འཁྱེར་བཅས་ཀྱི་དཀའ་ངལ་ཡོད་པ་དེ་དག་ཚང་མ་ང་ཚོར་མི་དགོས་པ་ཤ་སྟག་རེད། དེར་བརྟེན་མི་དགོས་པ་དེ་ཚོ་མི་ཡོང་བ་ཞིག་དང་། དགོས་པ་དེ་ཚོ་ཡོང་རྒྱུའི་རྩ་བ་ག་པར་ཐུག་གི་ཡོད་རེད་ཅེ་ན། མིའི་སྤྱི་ཚོགས་ཀྱི་བཟང་སྤྱོད་ཚད་མཐོ་དམན་ལ་རག་ལུས་ཀྱི་ཡོད་ཙང་། མིའི་སྤྱི་ཚོགས་ཀྱི་བཟང་སྤྱོད་གོང་སྤེལ་གཏོང་རྒྱུ་དེ་ཆོས་ལུགས་ཀྱི་ཆ་ནས་མ་ཡིན་པར། འཇིག་རྟེན་གྱི་སྲིད་ཕྱོགས་དང་ཆོས་ལུགས་རིས་མེད་ཀྱི་སྒོ་ནས་གོང་མཐོར་གཏོང་ཐུབ་པ་ཞིག་དགོས་པ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ཡིན་པ་རེད། ཐུགས་རྗེ་ཆེ།། །།

ཕྱིར་གོང་དུ་ལོག


 
css templates