website templates free download

Table

༄༅། །ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཐོག་མའི་བྱུང་རིམ་དང་སྒྲོམ་གཞིའི་སྐོར། །

(ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༥ ཉིན་ལ་དྭགས་བོད་ཁྱིམ་གཡུ་ལོ་བཀོད་དུ་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཐོག་སྩལ་བའི་བཀའ་སློབ།)

དེ་རིང་ང་ཚོས་གོ་བསྡུར་གནང་རྒྱུའི་བརྗོད་གཞིར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བར་སྐབས་ལོ་བཅུ་ཕྲག་ཁ་ཤས་ཀྱི་རིང་འཇིག་རྟེན་ཁྱོན་ཡོངས་ལ་ལམ་སྟོན་བཀའ་སློབ་གནང་བའི་གདམས་ངག་ཇི་སྙེད་ཅིག་ཡོད་པའི་ནང་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སྐོར་བཞག་གནང་འདུག་པ་དགའ་པོ་བྱུང་། སྤྱིར་བཏང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ནི་རིག་པའི་གཞུང་ལུགས་རྒྱ་ཆེན་པོ་ཞིག་རེད། སློབ་ཚན་འདྲ་པོར་བརྩིས་པ་ཡིན་ན་སྔོན་འགྲོའི་འཛིན་གྲྭ་ནས་གཙུག་ལག་སློབ་ཁང་བར་སློབ་ཁྲིད་བྱེད་རྒྱུའི་སློབ་ཚན་ཆེན་པོ་ཞིག་ཆགས་ཡོད་རེད། དེར་བརྟེན་ང་ཚོས་ཚོགས་ཐེངས་གཅིག་གི་ནང་དེའི་སྐོར་ཞིབ་ཕྲ་སྙན་སེང་ཞུ་རྒྱུའི་གོ་སྐབས་ཡོད་མ་རེད། འོན་ཀྱང་དེ་སྐོར་ཐོག་མའི་བྱུང་རིམ་དང་ད་ལྟའི་གནས་སྐབས་ཀྱི་སྒྲོམ་གཞིའི་ས་བཅད་ལྟ་བུ་ཞུས་པ་ཡིན་ན། གཅིག་བྱས་ན་ལྷན་རྒྱས་ཚོར་ཐུགས་ཕན་གསོས་པོ་ཡོང་མདོག་ཁ་པོ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༧༠ དོན་གྲངས་ནས་བཟུང་འཇིག་རྟེན་ཁྱོན་ཡོངས་ལ་སྔར་མ་གྲགས་པའི་གདམས་ངག་མང་པོ་ཞིག་བཀའ་སྩལ་ཡོད་རེད། དེའི་ནང་ནས་ནུབ་ཕྱོགས་ཀྱི་འཇིག་རྟེན་ནང་ཚང་མས་ཡི་རང་བསྔགས་བརྗོད་ཞུ་རྒྱུའི་གདམས་ངག་དེ་འཇིག་རྟེན་ཀུན་ཁྱབ་ཀྱི་ལས་འགན་ (Universal Responsibility) ཞེས་པ་དེ་རེད།

འཇིག་རྟེན་ཀུན་ཁྱབ་ཀྱི་ལས་འགན་ཞེས་པ་དེའི་ཐོག་ནས་ད་ལྟ་འཇིག་རྟེན་ཤར་ནུབ་ཀྱི་ཡུལ་གྲུ་མང་པོའི་ནང་ཉམས་ཞིབ་སློབ་སྦྱོང་བྱེད་མཁན་དང་། ཉམས་ལེན་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་རེད། དེ་ནས་རིམ་པས་འདས་པའི་ལོ་བཅུ་ཕྲག་གཉིས་ཙམ་རིང་དང་། ལྷག་པར་དུ་སྟོང་ལོ་གསར་དུ་མ་ཚེས་པའམ་སྟོང་ལོ་གསར་པའི་གོ་སྒྲིག་བྱེད་བཞིན་པ་སྟེ། ཕྱི་ལོ་ ༡༩༩༨/༡༩༩༩ ནས་ཚང་མས་༧སྐྱབས་མགོན་རིན་པོ་ཆེར་བཀའ་འདྲི་དགོངས་སྐོར་ཞུ་སྐབས། སྟོང་ལོ་གསར་པའི་བཟང་སྤྱོད་ (Ethics for the New millennium) ཅེས་པའི་ཨིན་སྐད་ཐོག་ཕྱག་དེབ་ཅིག་ལྗགས་རྩོམ་གནང་ཡོད། དེ་རྗེས་ཕྱག་དེབ་དེ་བོད་སྐད་ནང་བསྒྱུར་ཡོད་ས་རེད། དེ་ནས་འཕྲོས་ཏེ་དེ་ལྟ་བུའི་བཟང་སྤྱོད་དེ་འཇིག་རྟེན་སྐྱེས་བུ་ཚང་མས་ལག་ལེན་ལ་ཇི་ལྟར་འགེལ་ཐུབ་བམ། དེའི་ཐབས་ལམ་གང་ཞིག་ཡོད་དམ། དེ་སྐོར་བཀའ་སློབ་གནང་བའི་ནང་། ད་ལྟ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པའི་སློབ་ཚན་འདི་གསར་དུ་བྱུང་བ་ཞིག་རེད། དེའི་ཆེད་དུ་ཆེད་མངགས་ལྗགས་རྩོམ་གནང་བ་དེ་ Beyond Religion: Ethics for a Whole World ཞེས་པ་དེ་ཐོན་ནས་ལོ་གསུམ་ཡས་མས་ཤིག་ཕྱིན་པ་རེད། དེ་ད་ལྟ་བོད་སྐད་ཐོག་ཆ་ཚང་བསྒྱུར་ཟིན་ཡོད་མེད་མི་ཤེས་ཀྱང་བསྒྱུར་རྒྱུའི་ལས་རིམ་ཞིག་འགྲོ་བཞིན་པ་རེད། དེ་དང་ཆབས་ཅིག་ཕྱག་དེབ་གསུམ་པ་ཞིག་ཡོད་རེད། Art of Happiness ཞེས་པ་དེ་གོང་དུ་ཞུས་པའི་ཕྱག་དེབ་གཉིས་པོ་ལས་ཕྲན་བུ་སྔོན་ལ་ལྗགས་རྩོམ་གནང་བ་ཞིག་རེད། དེའི་གཞི་རྩ་ཡང་འགྲོ་བ་མིའི་བཟང་སྤྱོད་སྐོར་ལ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་སྐྱེ་འདིའི་དམིགས་བསལ་གྱི་ཐུགས་བསྐྱེད་ཆེན་པོ་གསུམ་མམ་བཞི་ཡོད་པ་དེའི་ནང་གི་ཐོག་མ་དེ། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མིའི་བཟང་སྤྱོད་ཡར་རྒྱས་གཏོང་ཐབས་དང་། ཆོས་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་མཐུན་སྒྲིལ་གཏོང་ཐབས། བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་བདེན་དོན་གསལ་ཐབས་བཅས་ཐུགས་བསྐྱེད་ཆེན་པོ་གསུམ་བཞེས་གནང་ཡོད་པ་དང་། ད་ལྟ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པ་དེ་ཐུགས་བསྐྱེད་དང་པོ་འགྲོ་བ་མིའི་བཟང་སྤྱོད་ཡར་རྒྱས་གཏོང་རྒྱུའི་ཕྱག་ལེན་བསྟར་ཐབས་ཀྱི་ཐབས་ལམ་ཞིག་ཡིན་པ་རེད།

དེའི་ཐོག་མའི་མཚན་གྱི་འབྱུང་སྟངས་ལ་ཆ་མཚོན་པ་ཡིན་ན། ཨིན་ཇིའི་ནང་མང་ཆེ་བས་ Ethics ཞེས་པའི་ཚིག་དེ་བེད་སྤྱོད་གནང་གི་ཡོད་རེད། Ethics ཞེས་པའི་ཚིག་དེ་སྤྱིར་བཏང་ཨིན་ཇིའི་ནང་ Morality, Value, Ethics ཞེས་པའི་ཚིག་འདྲ་མིན་སྣ་ཚོགས་ཡོད་རེད། དེའི་ནང་ནས་ Morality ཞེས་པ་དེ་ལེ་ཊིན་གྱི་ཚིག་ནས་བྱུང་བའི་གནའ་བོའི་བརྗོད་ཚིག་ཅིག་ཡིན་སྟབས་ཆོས་དང་འབྲེལ་བ་ཆེ་བ་ཞིག་དང་། Value ཞེས་པ་དེ་ཚིག་གསར་པ་ཡང་རེད་ལ་སྤྱིར་བཏང་ཤར་ཕྱོགས་པའི་ལྟ་སྟངས་ལྟར་བྱས་པ་ཡིན་ན་ཚིག་དེ་ཡག་པོ་ཡོད་མ་རེད། Ethics ཞེས་པ་དེ་སྔོན་མ་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་རིང་ནས་ནང་པས་ཤིལ་ཏེ་ཚུལ་ཁྲིམས་ཀྱི་ཆེད་དུ་ཆོས་ཕྱོགས་ལ་བེད་སྤྱོད་བཏང་ཡོད་རེད། དེར་བརྟེན་ཨིན་ཇིའི་ Ethics ཞེས་པའི་ཚིག་དེའི་དོན་ལ་བོད་སྐད་ཐོག་བཟང་སྤྱོད་ཅེས་བེད་སྤྱོད་བཏང་ཡོད་རེད། སྤྱིར་བཏང་ལེགས་སྦྱར་གྱི་སྐད་ཤཱིལ་དང་ཨིན་སྐད་ཀྱི་ Ethics ཞེས་པ་སྒྲ་ཐད་སྒྱུར་བྱས་ན་བོད་སྐད་ནང་ཚུལ་ཁྲིམས་ཞེས་བརྗོད་དགོས་པ་ལྟ་བུ་རེད། ཚུལ་ཁྲིམས་ཞེས་པ་དེ་ཆོས་ལུགས་དང་། གྲུབ་ལྟ། ལྷག་པར་དུ་ནང་པའི་ཆོས་ལུགས་དང་གྲུབ་ལྟའི་གཏིང་ཟབ་ཀྱི་ཚིག་ཅིག་ཡིན་པས། ད་ལྟ་བེད་སྤྱོད་གནང་བ་ཡིན་ན་དེ་ཙམ་སྟབས། བདེ་མེད་པར་གཟིགས་ནས་བཟང་སྤྱོད་ཅེས་པ་བེད་སྤྱོད་གནང་བ་རེད། བཟང་སྤྱོད་ཅེས་པ་ལེགས་སྦྱར་གྱི་སྐད་ནང་ས་དཱ་ཅཱར། སྤྱོད་པ་ཡང་དག་པའམ་སྤྱོད་པ་བཟང་པོ་ཞེས་པའི་ཚིག་ཅིག་རེད། དེ་ཚུལ་ཁྲིམས་ལ་འགྲོ་མ་ཆོག་པ་མེད་སྟབས་ང་ཚོས་བཟང་སྤྱོད་ཅེས་པའི་ཚིག་དེ་ཡག་ཤོས་བརྩིས་ཏེ་བེད་སྤྱོད་བཏང་བ་རེད། སྤྱིར་བཏང་བོད་ཀྱི་སྐད་ཡིག་རྙིང་པའམ་གཞུང་ལུགས་རྙིང་པའི་ནང་ Secular Ethics ཞེས་པའི་ཚབ་ལ་མི་ཆོས་ཞེས་པའི་ཚིག་དེ་བེད་སྤྱོད་བཏང་འདུག ལྷ་ཆོས་དགེ་བ་བཅུ་དང་། མི་ཆོས་གཙང་མ་བཅུ་དྲུག་ཅེས་པའི་སྐབས་སུ། ལྷ་ཆོས་ཞེས་པ་དེ་ལེགས་སྦྱར་གྱི་སྐད་ཀྱི་དྷརྨ་ཞེས་པར་ལྷ་ཞིག་སྦྱར་ཏེ་ལྷ་ཆོས་ཞེས་བེད་སྤྱོད་བཏང་འདུག སྤྱིར་བཏང་ནས་དྷརྨ་ཞེས་པ་དོན་བཅུ་ལ་འཇུག་གི་ཡོད་པར་བརྟེན་ག་པར་འཁྱེར་འཁྱེར་གྱི་བཟོ་འདྲ་ཞིག་རེད། དེ་ནས་འཇིག་རྟེན་གྱི་ལུགས་སམ་འཇིག་རྟེན་གྱི་སྤྱོད་བཟང་དེ་ལ་མི་ཆོས་གཙང་མ་ཞེས་བོད་ཀྱི་ཕྱག་དཔེ་རྙིང་པ་ཚོའི་ནང་འདུག འཇིག་རྟེན་མི་ཆོས་ཞེས་པ་དེ་དེང་རབས་ཀྱི་ Secular ཞེས་པའི་དོན་ལ་འཇིག་རྟེན་ཞེས་བེད་སྤྱོད་གཏོང་གི་ཡོད་རེད། འཇིག་རྟེན་མི་ཆོས་ཞེས་པ་ Secular གྱི་མིང་ཚབ་ལ་བེད་སྤྱོད་བཏང་ཡང་མ་འགྲིག་པ་མེད་པ་འདྲ་ཞིག་ཡོད་རེད། འོན་ཀྱང་ Secular ཞེས་པའི་ཚིག་དེར་གོ་བ་ལེན་སྟངས་འདྲ་མིན་སྣ་ཚོགས་ཡོད་སྟབས། ༧སྐྱབས་མགོན་རིན་པོ་ཆེའི་ད་ལྟའི་དགོངས་གཞི་དང་མཐུན་པ་ཡོང་ཆེད་སྔོན་མ་བསྒྱུར་ཟིན་པའི་ཚིག་དེ་ཚོས་ Secular གྱི་དོན་ཆ་ཚང་བའམ་ཏག་ཏག་ཅིག་ཡོང་གི་མེད་པས། སྐབས་འདིར་ཆོས་ལུགས་ལ་མ་བརྟེན་པ་ཞེས་པའི་ཚིག་དེ་བེད་སྤྱོད་བཏང་གནང་བ་རེད། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པ་ཐད་ཀར་ཨིན་སྐད་དུ་བསྒྱུར་ན་ Secular Ethics ཆགས་ཀྱི་ཡོད་ཀྱང་། ནུབ་ཕྱོགས་པའི་མི་ཚོས་ Secular ཞེས་པའི་ཚིག་དེ་བེད་སྤྱོད་གཏོང་རྒྱུར་ཕྲན་བུ་ཐེ་ཚོམ་དང་འཛེམ་ཟོན་བྱེད་ཀྱི་འདུག

དེར་བརྟེན་ Beyond Religion ཞེས་པའི་ཕྱག་དེབ་ལྗགས་རྩོམ་གནང་སྐབས་ཐོག་མར་ Beyond Religion, Secular Ethics ཞེས་པའི་མཚན་བྱང་དེ་གནང་ཡོད་རེད། Secular ཞེས་པའི་ཚིག་དེ་ཕྲན་བུ་རྩུབ་དྲགས་ཀྱི་འདུག་པས་དེ་བསྒྱུར་བ་བཏང་ན་ཞེས་མང་པོ་ཞིག་གིས་ཞུས་སྟབས། Secular Ethics ཀྱི་ཚབ་ཏུ་ Ethics for a Whole World ཞེས་བསྒྱུར་བ་བཏང་གནང་བར་བརྟེན། ད་ལྟ་མང་པོ་ཞིག་གིས་ཨིན་ཇིའི་སྐད་ནང་ Ethics for a Whole World ཡང་ན་ Social Emotional Ethical Learning ཞེས་བེད་སྤྱོད་གཏོང་གི་ཡོད་རེད། Secular ཞེས་པའི་ཚིག་དེ་ཨ་རི་དང་ཡུ་རོབ་ཁུལ་ཆོས་མེད་རིང་ལུགས་དང་། ཆོག་འགོག་རིང་ལུགས། ཡང་ན་ཆོས་འགལ་རིང་ལུགས། ཆོས་ལ་དགག་པ་རྒྱག་མཁན། ཆོས་མེད་པ་བྱེད་མཁན་སོགས་རྒྱུན་སྤྱོད་བྱེད་ཀྱི་ཡོད་སྟབས་ཕྲན་བུ་མ་བདེ་བ་ཞིག་བྱེད་ཀྱི་འདུག ང་ཚོ་ཤར་ཕྱོགས་པས་ Secular ཞེས་པའི་ཚིག་དེ་བདག་ཉིད་ཆེན་པོ་གཱནྡྷཱིའི་དགོངས་ཚུལ་ཆོས་ལུགས་རིས་མེད་ Sarva Dharma Sambhava ཞེས་པ་བེད་སྤྱོད་གཏོང་གི་ཡོད་རེད། རྒྱལ་ཁབ་ལྟ་བུ་ཞིག་ཡིན་ན་རྒྱལ་ཁབ་རང་ཉིད་ཀྱི་གཞུང་འབྲེལ་གྱི་ཆོས་ཤིག་ཡོད་པ་ཡིན་ན་ Secular ཟེར་བ་དེ་ཆགས་ཀྱི་ཡོད་མ་རེད། དེ་མིན་གཞུང་འབྲེལ་གྱི་ཆོས་མེད་པར་སྤྱིར་འཇིག་རྟེན་དུ་ཡོད་པའི་ཆོས་ལུགས་ཚང་མར་གཅིག་གྱུར་གྱི་གུས་ཞབས་བྱེད་ཀྱི་ཡོད་ན་ Secular ཆགས་ཀྱི་ཡོད་རེད། དེར་བརྟེན་ Secularism ཟེར་བ་དེ་ཆོས་ལུགས་རིས་མེད་དང་། ཆོས་ལུགས་རིས་མེད་ཟེར་བ་དེ་བདག་ཉིད་ཆེན་པོ་གཱནྡྷཱིའི་ཚིག་ངོ་མ་ Sarva Dharma Sambhava ཟེར་བ་དེ་རེད། འོན་ཀྱང་རྒྱ་གར་གྱི་རྩ་ཁྲིམས་ནང་ཐོག་མར་ Dharma Nirpech སྟེ་ཆོས་ལ་ལྟོས་མེད་ཅེས་བསྒྱུར་ཡོད། རྗེས་སུ་དེ་ཕྲན་བུ་འགྲིག་གི་མི་འདུག་ཅེས་ད་ལྟའི་ཚིག་ཆོས་བརྒྱུད་རིས་མེད་ཅེས་པའི་བཟོ་ལྟ་བུ་ Panth Nirpech ཞེས་པ་བེད་སྤྱོད་གཏོང་གི་ཡོད་རེད། Nirpech ཞེས་པ་མ་ལྟོས་པའམ་མ་བརྟེན་པ་ལ་གོ་ཡི་ཡོད་པའི་རྒྱུ་མཚན་གྱིས་ང་ཚོས་རྒྱ་གར་ནང་ Secular ཞེས་པའི་ཚིག་དེ་བེད་སྤྱོད་བཏང་བ་ཡིན་ན་མ་བདེ་བ་གང་ཡང་ཡོད་མ་རེད། འོན་ཀྱང་ནུབ་ཕྱོགས་ལ་ད་ལྟའི་ཚིག་དེ་བེད་སྤྱོད་བཏང་བ་ཡིན་ན་ཕྲན་བུ་ཐེ་ཚོམ་ཡོད་བསྡད་པ་ཞིག་རེད། དེ་ལྟར་དང་པོ་ཆོས་དང་མ་འབྲེལ་བ་ཞེས་པ་དང་། དེ་ནས་ཆོས་ལུགས་དང་མ་འབྲེལ་བ། ཉེ་བའི་ཆར་ཆོས་ལུགས་ལ་མ་བརྟེན་པ་ཞེས་པའི་ཚིག་དེ་ཡག་ག་ཡོད་རེད་བསམ་གྱི་ཡོད་ཀྱང་ད་ལྟ་ཡོངས་ཁྱབ་གཏན་ལ་ཕབ་པ་ཞིག་བྱུང་ཡོད་མ་རེད། དེ་རིང་སང་ཉིན་ང་ཚོས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པའི་ཚིག་དེ་བེད་སྤྱོད་གཏོང་གི་ཡོད་རེད། ཆོས་དང་མ་འབྲེལ་བ་ཞེས་ལབ་པ་ཡིན་ན་ཆོས་དང་མ་འབྲེལ་བའི་གནས་ཚུལ་ཞིག་ཡོང་རྒྱུ་ཁག་པོ་ཡིན་ཙང་ཆོས་ལུགས་དང་སྦྱར་བ་ཡིན་ན་སྤྱིར་ཆོས་ཞེས་པ་ལེགས་སྦྱར་སྐད་ཀྱི་དྷརྨ་ཞེས་པའི་ཐད་སྒྱུར་ཡིན་པར་ཆ་བཞག་ན། ཆོས་ལུགས་ཞེས་པ་ཨིན་སྐད་དུ་ ism ཞེས་པ་ religion དང་། Religion ནང་དུ་ ism དཔེར་ན་ཨིན་སྐད་དུ་ Religion ཞེས་པའི་ཚིག་དེ་འགྲེལ་བཤད་རྒྱག་སྐབས་ religiousness, religiosity, religionism བཅས་གསུམ་དུ་དབྱེ་བ་འབྱེད་ཀྱི་ཡོད་རེད། Religiousness ཞེས་པ་ཆོས་ཀྱི་གནད་དོན་ངོ་མ་དེ་ལ་ཟེར་གྱི་ཡོད་རེད། religiosity ཞེས་པ་དེ་ནས་འཕྲོས་པའི་ཆོ་ག་ཕྱག་ལེན་དེ་ཚོར་ཟེར་གྱི་ཡོད་རེད། religionism ཞེས་པ་ཕྱོགས་ལྟ་བུ་བཟུང་ནས་ ism ཞེས་སླེབས་སྐབས་ཆོས་ལུགས་ཡིན་ཙང་། ཆོས་ལུགས་དང་མ་འབྲེལ་བ་ཞེས་ལབ་ན་ཡག་ག་མེད་དམ། ཆོས་ལུགས་དང་མ་འབྲེལ་བ་ཞེས་པའི་འབྲེལ་བ་ཟེར་བ་དེ་བདག་གཅིག་འབྲེལ་དང་དེ་བྱུང་གི་འབྲེལ་བ་མང་དག་ཅིག་ཡོད་རེད། སྤྱིར་བཏང་ནས་ད་ལྟའི་འཇིག་རྟེན་གྱི་ཁ་སྐད་ནང་ the relation འབྲེལ་བ་ཞེས་པའི་ཚིག་དེ་ཁྱབ་ཆེན་པོ་ཞིག་ཡིན་པ་དང་། འབྲེལ་བ་མེད་པ་ཞིག་ཡོང་རྒྱུ་ཁག་པོ་ཡིན་ཙང་། ཉེ་ཆར་དིལླཱིའི་ཚོགས་འདུའི་སྐབས་ང་ཚོ་མང་ཆེ་བས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་བེད་སྤྱོད་བཏང་ན་ཡག་ག་མེད་དམ་ཞེས་བཀའ་མོལ་བྱུང་སྟབས། ད་ལྟ་ངས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པའི་ཚིག་དེ་བེད་སྤྱོད་གཏོང་གི་ཡོད། རིག་པའི་གཞུང་ལུགས་འདིའི་བོད་སྐད་ནང་མཚན་སྨྲོས་སྟངས་དེ་ལྟར་རེད།

ད་ལྟ་གོང་དུ་ཞུས་པ་བཞིན་རིག་པའི་གཞུང་ལུགས་འདི་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་ལྟ་བུར་མཚོན་ཡང་ནུབ་ཕྱོགས་ལ་བརྒྱད་ཅུ་གྱ་གྲངས་ནས་ཞེ་དྲག་ཁྱབ་ཆེན་པོ་རེད། བོད་པའི་སྤྱི་ཚོགས་ནང་དེར་དོ་སྣང་བྱེད་མཁན་ཉུང་ཉུང་རེད། དེ་དང་ཕྱོགས་མཚུངས་ Secular Ethics ཞེས་པར་ཡང་ནུབ་ཕྱོགས་ལ་དེར་ཚོད་བལྟ་བྱེད་མཁན་དང་། ལག་ལེན་བསྟར་མཁན། དེའི་ཆེད་དུ་སློབ་ཚན་བཟོ་མཁན་མང་པོ་ཡོད་རེད། གཞི་རྐང་འདྲ་པོ་དེ་ཨེ་མོ་རིའི་གཙུག་ལག་སློབ་ཁང་ནང་༧སྐྱབས་མགོན་རིན་པོ་ཆེས་ཆེད་མངགས་ཟུར་འཛུགས་གནང་བའི་སྡེ་ཚན་ཞིག་ཡོད་པ་དེས་གོ་སྒྲིག་གནང་ནས་སློབ་ཚན་གྱི་འཆར་གཞི་གང་ལ་གང་འཚམས་བསྒྲིགས་ཟིན་པ་ལྟ་བུ་རེད། དེ་ལྟ་བུའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་གནས་བབ་དེ་ཤེས་ཡོན་གྱི་ལམ་སྲོལ་ནང་སླེབས་དགོས་པ་གཟིགས་ཏེ། ཐོག་མར་ Mind and Life ཚོགས་པའི་རིག་པའི་གཞུང་ལུགས་ཟེར་ནའང་མི་འདུག་ཐོག་མར་ Care ཞེས་པའི་ཡིག་ཆ་ཞིག་བཟོས་པ་རེད། Care ཞེས་པར་ Care, Taking care and Giving care བཅས་སྡེ་ཚན་གསུམ་དུ་ཕྱེ་ནས་བྱམས་བརྩེ་དེ་ངོས་འཛིན་བྱེད་དགོས་ཀྱི་ཡོད་རེད། དེ་རང་གིས་ཚུར་ལེན་སྐབས་ཇི་ལྟར་ལེན་དགོས་པ་དང་། གཞན་ལ་ཕར་སྤྲོད་སྐབས་ཇི་ལྟར་སྤྲོད་དགོས་པ་སོགས་འདི་དག་སྤྱི་བཤད་ལྟ་བུ་ཞིག་རེད། ན་ནིང་ཕྱི་ལོ་ ༢༠༡༦ ལོར་ཨེ་མོ་རི་གཙུག་ལག་སློབ་ཁང་གིས་སྒྲོམ་གཞི་ཆ་ཚང་བཟོས་ཏེ་སྔོན་འགྲོ་ནས་འཛིན་གྲྭ་བཅུ་གཉིས་ཀྱི་བར་སློབ་ཚན་བང་བསྒྲིགས་ཟིན་པ་དེ་ཐོག་མའི་སློབ་ཚན་རེད། དེ་དངོས་སུ་ལག་བསྟར་བྱས་ནས་ཚོད་བལྟ་བྱེད་སྐབས་དེའི་ནང་སྣོན་འཕྲི་སྤོར་གཅོག་དང་། བསྐྱར་བཅོས་བྱེད་དགོས་པ་དེ་འདྲ་མང་པོ་ཡོང་སྲིད་པ་རེད། ལས་རིམ་དེ་འགྲོ་དང་འགྲོ་བཞིན་པ་རེད། ད་ལྟའི་ཆར་ཡུ་རོབ་དང་། ཨ་མེ་རི་ཀ། ལ་ཊིན་ཨ་མེ་རི་ཀ། ཤར་ཕྱོགས་ལུང་པ་ཁ་ཤས་ཀྱི་ནང་ཡོད་རེད། དེ་ཚོ་ཚང་མའི་ནང་ཨེ་མོ་རི་གཙུག་ལག་སློབ་ཁང་གིས་བཟོས་པའི་བསླབ་གཞི་རྩ་འཛིན་ (Curriculum) དེའི་ཐོག་གཞི་བཅོལ་རྒྱུ་དང་། དེ་ནས་རྒྱལ་ཁབ་སོ་སོའི་ནང་རང་རང་གི་སྤྱི་ཚོགས་ཀྱི་གནས་བབ་དང་བསྟུན་ནས་དེ་དང་འཚམས་པ་ཞིག་བཟོ་དགོས་ཙང་། ཨ་རིའི་སྤྱི་ཚོགས་དང་བསྟུན་ནས་བཟོས་པ་དེས་ཚང་མ་ལ་དཔར་བཀབ་བྱས་ནས་འབྲི་མི་ཐུབ་པ་ཞིག་རེད། དེའི་རྒྱུ་མཚན་གྱིས་ཡུ་རོབ་ཡིན་ན་ཡུ་རོབ་ཁོང་རང་ཚོས་བཟོ་ཡི་ཡོད་པ་བཅས་ལུང་པ་སོ་སོར་ཟུར་དུ་ཡོད་རེད། ཡུ་རོབ་ལ་ཡིན་ན་ད་ལྟ་ཕ་རན་སིའི་ནང་དར་ཁྱབ་འགྲོ་ཡི་འདུག རྒྱ་གར་ནང་ཕྲན་བུ་རྗེས་ལུས་ཐེབས་པའི་བཟོ་འདྲ་པོ་རེད། ཡིན་ནའང་ཕལ་ཆེར་ ༢༠༡༤ ནས་ Mind and Life ཚོགས་པའི་ཡན་ལག་གཅིག་རྒྱ་གར་ལ་འགོ་བཙུགས་ཏེ་ AyurGyan Nyas ཞེས་པའི་ཚོགས་པས་སློབ་ཚན་དེ་གོ་སྒྲིག་བྱེད་ཀྱི་ཡོད་རེད། ད་ལྟའི་གནས་སྐབས་སུ་དེའི་ནང་གསེས་ཀྱི་ལེའུ་བཞི་ཡོད་པའི་ནང་ནས་ལེའུ་དང་པོའི་ཡིག་ཆ་ཆ་ཚང་ཟིན་པ་ལྟ་བུ་འདུག ལེའུ་གཉིས་པ་གསུམ་པ་བཞི་པའི་ཟིན་བྲིས་ཟིན་ཀྱང་ད་ལྟ་མཐའ་མའི་ཐག་གཅོད་ཀྱི་ལས་དོན་འགྲོ་བཞིན་པ་རེད། ༢༠༡༧ ལོའི་ཕྱི་ཟླ་ ༧/༨/༩ ནས་མ་འགྱངས་པར་རྒྱ་གར་གྱི་སློབ་གྲྭ་བཅུ་བཅོ་ལྔ་ཞིག་གི་ནང་སློབ་ཚན་དེ་ཚོད་བལྟ་བྱེད་ཐུབ་ན་ཞེས་ད་ལྟ་ང་ཚོའི་འགྲོ་སྟངས་དང་བྱུང་རིམ་དེ་འདྲ་ཞིག་རེད།

བྱུང་རིམ་དེའི་རྒྱབ་ལྗོངས་ཀྱི་རིག་པའི་གཞུང་ལུགས་ལྟེ་བ་དེ་༧སྐྱབས་མགོན་རིན་པོ་ཆེས་ཨིན་སྐད་ཐོག་ལྗགས་རྩོམ་གནང་བའི་ Ethics for the New Millennium, Art of Happiness, Beyond Religion: Ethics for a Whole World ཞེས་པའི་ཕྱག་དེབ་གསུམ་པོ་གང་རུང་ནས་ཚུར་དྲངས་ཏེ་སློབ་ཚན་དེ་ཚོ་བཟོ་ཡི་ཡོད་རེད། འོན་ཀྱང་ཆོས་ལུགས་དང་མ་འབྲེལ་བ་ཞེས་ག་རེ་བྱས་ཏེ་ལབ་དགོས་ཀྱི་ཡོད་པ་དང་། ཆོས་ལུགས་དང་འབྲེལ་ན་དེས་མ་འགྲིག་པའམ་མ་འདེང་བ་ག་རེ་ཡོད་དམ་ཞེས་པའི་དྲི་བ་ཞིག་སླེབས་ཀྱི་ཡོད་རེད། སྤྱིར་བཏང་བྱས་ན་འགྲོ་བ་མིའི་བཟང་སྤྱོད་ཀྱི་བསླབ་བྱ་དེ་བར་ལམ་ཞིག་ནས་ཆོས་ལུགས་སོ་སོའི་ལས་འགན་ཡིན་པའི་བཟོ་འདྲ་པོ་བརྩི་ཡི་ཡོད་རེད། ཆོས་ལུགས་སོ་སོའི་རང་རང་ཁྱབ་ཁོངས་འགྲོ་བ་མིའི་སྤྱི་ཚོགས་ལ་འཚེ་བ་སྤང་དགོས་པ་དང་། བྱམས་སེམས་བྱེད་དགོས་པ། མཐུན་ལམ་བྱེད་དགོས་པ། དེ་ལྟ་བུའི་བཟང་པོའི་སྤྱོད་པ་སྲོག་གཅོད་མི་རུང་བ་དང་། མ་བྱིན་པ་ལེན་མི་རུང་བ། ལོག་གཡེམ་བྱེད་མི་རུང་བ། དེ་འདྲའི་རིགས་གང་ཡིན་པ་དེ་ཆོས་ལུགས་དང་འབྲེལ་བའི་བཟང་སྤྱོད་ཀྱི་ནང་ཚུད་པ་ལྟ་བུ་རེད། ཡིན་ཡང་ང་ཚོས་ཞིབ་ཚགས་བྱས་ཏེ་བལྟས་པ་ཡིན་ན་འགྲོ་བ་མིའི་བཟང་སྤྱོད་ཅེས་པ་དེ་མིའི་སྐྱེ་འགྲོ་ལ་རང་ཆས་སུ་ཡོད་པའི་ཡོན་ཏན་ཞིག་རེད། ངན་སྤྱོད་དེ་ཁོར་ཡུག་གི་དབང་གིས་རྗེས་སུ་བྱུང་བ་ཞིག་རེད་མ་གཏོགས། འགྲོ་བ་མིའི་རང་གཤིས་དེ་སྤྱོད་ངན་ཞིག་མིན་ཙང་མིའི་སྤྱི་ཚོགས་ཀྱི་ནང་ང་ཚོ་ནང་པ་ནང་བཞིན་བྱས་ཏེ། རྫོགས་ལྡན་ནས་མར་ཉམས་ཏེ་ཡོང་བའི་འདོད་ཚུལ་དེར་ཁས་ལེན་མཁན་ཡིན་ནའང་འདྲ་འདུག ཡང་དེང་རབས་ཀྱི་ཚན་རིག་པ་ནང་བཞིན་བྱས་ཏེ། གདོད་མའི་མིའི་རིགས་ནས་ཡར་རྒྱས་ཕྱིན་པའི་བྱུང་རིམ་དེར་ཡིད་ཆེས་ཁས་ལེན་བྱེད་མཁན་ཞིག་ཡིན་ནའང་འདྲ་འདུག དེ་གཉིས་ཀས་སྤྱི་མཐུན་གྱི་ཁས་ལེན་རྒྱུ་ཞིག་ག་རེ་ཡོད་རེད་ཟེར་ན། འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་བྱུང་བ་དང་ཆོས་ལུགས་སྣ་ཚོགས་བྱུང་བ་དེ་དུས་མཉམ་མིན་པར། འགྲོ་བ་མིའི་སྤྱི་ཚོགས་དེ་ཞེ་དྲག་སྔོན་ལ་བྱུང་བ་དང་། འགྲོ་བ་མིའི་སྤྱི་ཚོགས་བྱུང་ནས་ག་ལ་གང་འཚམས་ཀྱི་ཡར་རྒྱས་བྱུང་བའི་རྗེས་སུའམ། ཡང་ན་གང་འཚམས་ཉམས་ཆག་ཕྱིན་ཚར་བའི་རྗེས་སུ་ཆོས་ལུགས་སོ་སོ་རིམ་གྱིས་བྱུང་བ་རེད། དེར་བརྟེན་ཆོས་ལུགས་མ་བྱུང་བའི་སྔོན་ནས་འགྲོ་བ་མིའི་བཟང་སྤྱོད་ཀྱི་གནས་བབས་དེ་ཐོག་མར་ནང་མི་བྱས། དེ་ནས་སོ་སོའི་ཉེ་འཁོར་གྱི་མི་ཚོགས་བྱས། དེ་ནས་སྤྱི་ཚོགས་བྱས་ཏེ་ཡོང་བསྡད་པ་ཞིག་མ་གཏོགས་ཆོས་ལུགས་མེད་པའི་སྐབས་སུའང་བཟང་སྤྱོད་ཀྱི་གནས་བབས་ཡོད་པ་ཞིག་དང་། འགྲོ་བ་མིའི་རང་གཤིས་ཀྱི་གནས་བབས་དེ་བཟང་སྤྱོད་དང་ལྡན་པ་ཞིག་ཡིན་པས་དེ་མི་འགྲིག་པ་མེད་པ་ཞིག་རེད།

ད་ལྟ་ངས་བཟང་སྤྱོད་ཅེས་པའི་ཚིག་འདི་ཞུ་སྐབས་ང་ཚོ་བོད་པའི་ཚིག་གི་ནང་བེད་སྤྱོད་བྱེད་རྒྱུ་དང་པོ་དེ་ཚུལ་ཁྲིམས་ཞེས་པ་དེ་ཡིན་ཡང་། དེ་ནི་ཆོས་དང་འབྲེལ་བ་ཡོད་པར་སོང་མ་བཞག་པ་རེད། དེའི་རྗེས་ལ་ལེགས་སྦྱར་གྱི་སྐད་ལ་ནཱི་ཏི་སྟེ། བོད་སྐད་ནང་ལུགས་ཞེས་པ་བེད་སྤྱོད་བཏང་ཡོད་རེད། དེ་ཨིན་སྐད་དུ་བསྒྱུར་ན་ Moral ཡང་ན་ Ethics གང་ཡང་རུང་བ་ཞིག་ལ་འགྲོ་ཡི་ཡོད་ཀྱང་། ལུགས་ཞེས་པའི་ཚིག་དེ་ད་ལྟ་ཡོངས་ཁྱབ་གང་ཡང་ཡོད་མ་རེད། ནཱི་ཏི་ཤཱསྟྲ་ཞེས་པ་དེ་ཚོ་བོད་པའི་སྔ་མོའི་སྐད་ཀྱི་ནང་ལུགས་ཀྱི་བསྟན་བཅོས་ལ་བསྒྱུར་ཡོད། དཔེར་ན། ས་སྐྱ་ལེགས་བཤད་ནང་། རིགས་པས་དཔྱད་ན་ཆོས་ལུགས་མི་འགལ་ཞིང་། །ཞེས་གསུང་དུས་ཆོས་ཞེས་པ་དམ་པའི་ཆོས་དང་། ལུགས་ཞེས་པ་འཇིག་རྟེན་ཡ་རབས་ཀྱི་སྤྱོད་བཟང་ལ་གོ་བ་ཡིན། ལུགས་ཞེས་པའི་ཚིག་དེའང་ད་ལྟ་ཕྲན་བུ་ཡོངས་གྲགས་མིན་པ་དང་། སྤྱི་ཡོངས་ལ་མ་ཁྱབ་པ་ཞིག་ཆགས་ཙང་ཚུལ་ཁྲིམས་དང་། ལུགས་དང་། འཇིག་རྟེན་མི་ཆོས་དེ་ཚོ་ཚང་མ་བཞག་ནས་བཟང་སྤྱོད་ཅེས་པའི་ཚིག་དེ་འཇུག་པོ་དང་། དུས་དང་འཚམས་པ་ཞིག་ཆགས་ཡོད་རེད་བསམ་གྱི་འདུག དེར་བརྟེན་ཆོས་ལུགས་ཡོད་མེད་ལ་མ་ལྟོས་པར་བཟང་སྤྱོད་དེ་མིའི་སྤྱི་ཚོགས་ནང་ཡོད་པ་ཞིག་དང་ཡོད་དགོས་པ་ཞིག་རེད། མ་འོངས་པར་ཆོས་ལུགས་ཀྱི་བསྟན་པ་ཉམས་ཀྱང་བཟང་སྤྱོད་ཉམས་ན་མ་འགྲིག་པར་བརྟེན། བཟང་སྤྱོད་དེ་ཆོས་ལ་མ་བརྟེན་པར་ཁོ་རང་ཟུར་དུ་རང་རྐྱ་ཐུབ་པའི་སློབ་ཚན་ཞིག་གི་ངོ་བོར་ཤེས་ཡོན་སློབ་གསོའི་ལམ་སྲོལ་ནང་སླེབས་ཐུབ་པ་ཡིན་ན། ཕན་ཐོགས་ཆེ་བ་ཡོད་རེད་དགོངས་པའི་རྒྱུ་མཚན་གྱིས་ཆོས་ལུགས་ལ་མ་བརྟེན་པ་ Secular ཞེས་གསུངས་དགོས་པའི་རྒྱུ་མཚན་དེ་འདྲ་ཡིན་ཚོད།

ད་ལྟ་འཇིག་རྟེན་འདིའི་ནང་ཆོས་ལུགས་མང་པོ་ཡོད་སྟབས། ཆོས་ལུགས་ལ་བརྟེན་པའི་བཟང་སྤྱོད་ཀྱང་འགྲོ་བ་མིའི་སྤྱི་ཚོགས་ལ་ཕན་ཐོགས་མེད་པ་ཞིག་མིན་པར་ཕན་ཐོགས་ཡོད་པ་ཞིག་རེད། འོན་ཀྱང་དེས་མ་འདེང་བ་ག་རེ་ཆགས་ཀྱི་ཡོད་པར་རྒྱུ་མཚན་མང་པོ་ཡོད་རེད། རྒྱུ་མཚན་དང་པོ་དེ་ཆོས་ལུགས་མང་ཆེ་བ་ད་ལྟའི་གནས་སྐབས་ལ་ཉམས་ཆག་ཆེན་པོ་ཕྱིན་ཚར་བ་ཞིག་རེད། མི་གཞན་པའི་སྐད་ཆ་བཤད་མི་དགོས་པར་ང་རང་ཚོ་ནང་པའི་ནང་ལ་བལྟས་ཀྱང་། ནང་པ་རང་གི་ནང་ཆོས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་མི་ཇི་ཙམ་བཟང་སྤྱོད་དང་ལྡན་པར་བཟོ་ཐུབ་ཀྱི་ཡོད་དམ། གང་ཡིན་ཟེར་ན། དེ་རིང་སང་ཉིན་ང་ནང་པ་ཡིན་ཟེར་མཁན་མང་ཆེ་བ་ནང་པའི་ཁྱིམ་ཚང་དུ་སྐྱེས་པ་དང་། ནང་པའི་ཕ་མ་ལས་སྐྱེས་པ་ཙམ་རྒྱུ་མཚན་དུ་བྱས་ཏེ་ནང་པ་ཡིན་ཟེར་གྱི་ཡོད་རེད་མ་གཏོགས། སོ་སོས་བསམ་བློ་བཏང་ནས་ཆོས་ལུགས་མང་པོར་སློབ་སྦྱོང་བྱས་ཏེ་ནང་པའི་ཆོས་འདི་ཡག་ཤོས་འདུག་བསམས་ནས་དེར་ཞུགས་ཀྱི་ཡོད་མ་རེད། ནང་པའི་ཆོས་ལ་ཞུགས་པའི་སྒོ་དེ་སྐྱབས་འགྲོ་རེད། སྐྱབས་འགྲོའི་ཡུལ་དང་སྐྱབས་འགྲོའི་རྒྱུ་ངོས་ཟིན་པ་བྱས་ཏེ། རང་རྒྱུད་ལ་སྐྱབས་འགྲོའི་རྒྱུ་རྣམ་པར་དག་པ་ཡོད་པ་ཞིག་བཙལ་དགོས་བྱུང་ན། ཁྱིམ་པ་ལྟ་ཅི་རབ་བྱུང་གི་ནང་དུའང་གནས་བརྟན་ཞལ་མར་གཟིགས་མཁན་གྱི་ནང་ནས་ནང་པ་སངས་རྒྱས་པའི་གྲལ་དུ་མ་ཚུད་པ་མང་པོ་ཡོད་རེད་ཅེས་བཤད་སྲོལ་ཡོད་པ་བཞིན། རབ་ཏུ་བྱུང་ནས་རྒས་འཁོགས་ཆགས་ཀྱང་རང་རྒྱུད་ལ་སྐྱབས་འགྲོ་རྣམ་དག་མེད་མཁན་མང་པོ་ཡོད་སྲིད་པ་ཞིག་རེད། བྱས་ཙང་རང་གི་ཆོས་ལུགས་དང་རང་གི་མི་ཚེའི་སྤྱོད་ལམ་གཉིས་པོ་རྦད་དེ་ལོགས་ཀ་ཕྱེ་ཡོད་རེད། ནང་པ་ཞིག་ཡིན་པའི་རྒྱུ་མཚན་གྱིས་མི་དེ་རང་བཞིན་གྱི་འཚེ་བ་མེད་པ་དང་། སྐྱག་རྫུན་མི་ཤོད་མཁན་གྱི་དྲང་པོ། རྐུན་མ་མི་རྐུ་མཁན་ཞིག་ཆགས་ཀྱི་རེད་པས་ལབ་ན་དེ་ཆགས་ཀྱི་ཡོད་མ་རེད། དགོན་པར་ཕྱིན་ནས་ཆོས་མཇལ་ཞུས། མ་ཎི་འདྲ་འདོན། དེ་དང་མཉམ་དུ་སྡིག་པ་མི་དགེ་བ་བཅུ་དང་མཚམས་མེད་ལྔ་བྱེད་མཁན་དེ་འདྲ་ཡོད་དང་ཡོད་བཞིན་པ་རེད། ང་ཚོའི་བོད་འདི་ནང་པའི་རྒྱལ་ཁབ་ཅིག་ཡིན་པར་སྔ་མོ་ནས་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། ལྟོ་འགྲངས་ཉི་མས་དྲོས་ཚེ་ཆོས་པའི་གཟུགས། །རྐྱེན་ངན་ཐོག་ཏུ་བབས་ཚེ་ཐ་མལ་པ། །ཞེས་གསུངས་པ་བཞིན་རྒྱ་མིས་ང་ཚོའི་ཐོག་དངོས་སུ་བཙན་འཛུལ་བྱེད་དུས། ང་ཚོས་ཆོས་དང་མཐུན་པའི་ཡ་ལན་སྤྲད་མ་ཐུབ་པར་ལམ་སང་ཁོང་ཚོ་ནང་བཞིན་མཚོན་ཆ་ཁྱེར་ནས་ཕར་བསད་ཚུར་བསད་བྱས་ཏེ། ཁོང་ཚོའི་གནས་བབས་ལ་མར་བབས་པ་མ་གཏོགས་བདག་ཉིད་ཆེན་པོ་གཱནྡྷཱི་ལྟ་བུ་བྱས་ཏེ་འཚེ་བ་མེད་པའི་ལམ་གྱིས་ང་ཚོས་ཁ་གཏད་གཅོག་མ་ཐུབ་པ་རེད། དེ་འདྲ་ཡིན་ཙང་ནང་པའི་ཆོས་ཀྱི་སྤྱི་ཚོགས་ནང་ད་ལྟའི་ཆར་ནུས་པ་ཞེ་དྲག་ཐོན་གྱི་མེད་པ་གསལ་པོ་ཞེ་དྲག་རེད། དཔེར་ན། ང་ཚོ་ད་ལྟ་ལ་དྭགས་ལ་བསྡད་ཡོད་རེད། ལ་དྭགས་དེ་ཡང་ནང་པའི་ལུང་པ་ཞིག་རེད། ང་ཚོ་ཚང་མ་ནང་པ་རེད། ང་ཚོའི་ཉིན་རེའི་མིའི་འཚོ་བའི་ནང་བལྟས་པ་ཡིན་ན། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཡང་དག་པ་སྲུང་མཁན་ག་ཚོད་ཡོད་མེད་ཞུ་དག་བཏང་ན་དཀོན་པོ་ཡོད་རེད། བྱས་ཙང་ཕྱོགས་གཅིག་ནས་ཆོས་དེ་ཚོ་ཉམས་ཆག་ཕྱིན་པའི་རྒྱུ་མཚན་གྱིས་ད་ལྟའི་ཆར་མིའི་བསམ་བློའི་ནང་ཆོས་ཀྱི་ནུས་པ་སླེབས་ཐུབ་རྒྱུ་ཁག་པོ་ཆགས་ཡོད་རེད། ནང་པ་ལྟ་བུ་ཆ་བཞག་ཀྱང་བསྟན་པའི་གནས་ཚད་དེ་ལྔ་བརྒྱ་ཕྲག་བཅུ་སྟེ་ལོ་ལྔ་སྟོང་རེད། ལོ་ལྔ་སྟོང་ནས་ཉིས་སྟོང་ལྔ་བརྒྱ་ལྔ་བཅུ་ང་གྲངས་ཤིག་ཕྱིན་ནས་ད་ཆ་ཕྱེད་ཀ་ཙམ་མ་གཏོགས་ལྷག་ཡོད་མ་རེད། བྱས་ཙང་བསྟན་པ་མར་འགྲིབ་པའི་སྐབས་ཡིན་ཙང་རིམ་གྱིས་ཉམས་ཆག་ཕྱིན་པ་མ་གཏོགས་ཡར་འགྲོ་རྒྱུའི་རེ་བ་ཆུང་ཆུང་ཞིག་ཡིན་ཙང་། ཕྱོགས་གཅིག་ནས་ཆོས་ལུགས་སོ་སོ་ཉམས་ཆག་ཕྱིན་པའི་དབང་གིས་ཡིན་པ་དང་།

ཕྱོགས་གཞན་ནས་ད་ལྟའི་གནས་སྐབས་ལ་ཆོས་ལུགས་སོ་སོའི་ནང་དུའང་ཆོས་དང་མ་མཐུན་པའི་བསམ་བློ་ཡོད་པའམ་ཆོས་ལུགས་ཀྱི་འགོ་ཁྲིད་ཡིན་མཁན་དེ་འདྲ་ཡོད་དུས་ཆོས་ལུགས་རང་རང་སོ་སོའི་བཟང་སྤྱོད་དང་མི་མཐུན་པ་ཆེན་པོ་ཞིག་ཆགས་ཡོད་རེད། དཔེར་ན། Parliament World Religion ཞེས་པ་དེས་འགྲོ་བ་མིའི་ལས་འགན་གྱི་གསལ་བསྒྲགས་ཤིག་བཟོ་ཐབས་བྱས་ཏེ་ཆོས་ལུགས་ཆོས་བརྒྱུད་ཚང་མའི་སྐུ་ཚབ་ཀྱི་ཚོགས་ཆུང་ཞིག་བཙུགས་ནས་ཟིན་བྲིས་བཀོད་པ་རེད། ཟིན་བྲིས་འགོད་དུས་དགོངས་པ་དང་མཐུན་པ་ཞིག་རྩ་བ་ཉིད་ནས་བྱུང་ཡོད་མ་རེད། གཞན་པ་ཕར་བཞག་ནས་འཚེ་བ་མེད་པ་དང་། འཚེ་བ་མི་བྱེད་པ་དེ་འགྲོ་བ་མིའི་ལས་འགན་གྱི་ནང་བཞག་དགོས་དང་མ་དགོས་དེའི་ཐོག་ལའང་དགོངས་པ་དང་མ་མཐུན་པ་བྱུང་ཡོད་རེད། དེ་འདྲ་ཡིན་ཙང་ཆོས་ལུགས་ཆོས་བརྒྱུད་ཡོངས་སུ་རྫོགས་པའི་བཟང་སྤྱོད་ཀྱི་གནས་བབས་ཐོག་ཕྱོགས་གཅིག་ཏུ་དགོངས་པ་མཐུན་པ་ཞིག་ཡོང་རྒྱུ་ཁག་པོ་ཡིན་ཙང་། ཆོས་ལུགས་ལ་མ་བརྟེན་པ་ཞིག་དགོས་པའི་གལ་གནད་ཅིག་ཆགས་ཀྱི་ཡོད་རེད།

དེ་ཙམ་མ་ཟད་རྒྱུ་མཚན་གསུམ་པ་ལྟ་བུར་མཚོན་ན། གདོད་མའི་གནས་སྐབས་ལ་བཟང་སྤྱོད་དེ་གཙོ་བོ་ཁྱིམ་ཚང་ནས་ཕ་མ་དང་རྒན་རབས་བརྒྱུད་ནས་ཡོང་གི་ཡོད་རེད། བར་ལམ་ཞིག་ནས་ཆོས་ལུགས་ཀྱིས་སློབ་ཀྱི་ཡོད་རེད། ད་ལྟའི་གནས་སྐབས་སུ་འགྲོ་བ་མིའི་མི་ཚེའི་འཚར་ལོངས་དེ་ཕྲུ་གུ་ལོ་བཞི་ལྔ་ནས་ཉི་ཤུ་རྩ་གྲངས་མ་བསླེབས་བར་དུ་ཚང་མ་ཤེས་ཡོན་སློབ་སྦྱོང་སྡེ་ཚན་ནང་འགྲོ་མཁན་ཤ་སྟག་རེད། ད་ཆ་ཡར་རྒྱས་མ་ཕྱིན་པའི་རྒྱལ་ཁབ་སྐྱོ་པོ་དེ་ཚོའི་ནང་ལའང་ཕྲུ་གུ་སློབ་གྲྭར་མ་འགྲོ་མཁན་དེ་འདྲ་ཡོད་སྲིད་པ་རེད། དཔེར་ན་རྒྱ་གར་ལ་ཡིན་ནའང་ཕྲུ་གུར་ཤེས་ཡོན་གྱི་གོ་སྐབས་མ་ཐོབ་པ་དེ་འདྲ་ཕྲན་བུ་ཡོད་རེད། གང་ལྟར་ང་ཚོས་སྤྱི་ཡོངས་ཀྱི་ཆ་ནས་བལྟས་ན་ཚང་མའི་མི་ཚེའི་མདུན་ལམ་འགོ་ཚུགས་ས་དེ་སྔོན་འགྲོའི་འཛིན་གྲྭ་ནས་གཙུག་ལག་སློབ་ཁང་གི་འཛིན་གྲྭའི་བར་སྟེ། ལོ་གྲངས་ཉི་ཤུ་རྩ་ལྔ་བར་མི་ཚེའི་བཞི་ཆ་ལྟ་བུ་ཞིག་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཡིན་ཙང་། ད་ལྟ་བཟང་ངན་གྱི་སྤྱོད་པ་གང་ཞིག་ཡོང་དང་མ་ཡོང་དེ་ཤེས་ཡོན་སློབ་སྦྱོང་གི་ལྟེ་གནས་དང་། ཤེས་ཡོན་སློབ་སྦྱོང་གི་ཁོར་ཡུག ཤེས་ཡོན་སློབ་སྦྱོང་གི་སློབ་ཚན་སྤྲོད་སྟངས་དེ་ནས་ཡོང་གི་ཡོད་པའི་ཆ་ནས་ཀྱང་ཆོས་ལུགས་ལ་མ་བརྟེན་པ་བྱེད་དགོས་པ་གལ་ཆེན་པོ་རེད། ཤེས་ཡོན་སློབ་སྦྱོང་གི་ལྟེ་གནས་དེ་ཚོར་ཆ་མཚོན་པ་ཡིན་ན། ཆོས་ལུགས་རིས་མེད་ (Secular) ཡིན་ཟེར་མཁན་རྒྱལ་ཁབ་དེ་ཚོས་འཛིན་སྐྱོང་བྱེད་པའི་སློབ་གྲྭ་ཁག་གི་ནང་ཆོས་ཀྱི་སློབ་སྦྱོང་སློབ་ཁྲིད་བྱེད་ཆོག་གི་ཡོད་མ་རེད། Secularism གྱི་དབང་གིས་ཤེས་ཡོན་སྡེ་ཚན་ནང་ཆོས་ཀྱི་ལྟ་གྲུབ་སྤྲད་མི་ཆོག་པ་ཞིག་རེད། དེ་མིན་གྱི་ཆོས་བརྒྱུད་ཁག་དང་། སྒེར་གྱི་འཛིན་སྐྱོང་བྱེད་པའི་སློབ་གྲྭ་ཁག་གི་དགེ་རྒན་དང་། དགེ་ཕྲུག་གཉིས་ཀའི་ནང་ཆོས་ལུགས་འདྲ་མིན་སྣ་ཚོགས་ཡོང་སྲིད་པ་ཞིག་རེད། ད་ལྟ་འཇིག་རྟེན་འདིའི་ནང་ཆོས་ལུགས་ཁག་གིས་འཛིན་སྐྱོང་བྱེད་པ། དཔེར་ན། ཡེ་ཤུ་ཆོས་ལུགས་ཀྱི་འཛིན་སྐྱོང་བྱེད་པའི་སློབ་གྲྭ་མང་པོ་ཡོད་པ་དེའི་ནང་སློབ་ཕྲུག་འཇུག་སྐབས་ཡེ་ཤུའི་ཆོས་ལུགས་ལ་དད་པ་བྱེད་མཁན་མ་གཏོགས་གཅུག་གི་མིན་ཞེས་ལབ་ན། རྒྱ་གར་ལྟ་བུ་ཡིན་ན་ཡུལ་ཁྲིམས་ལས་འགལ་འགྲོ་ཡི་ཡོད་ཙང་སློབ་ས་ཡོད་མ་རེད། དེ་འདྲའི་དབང་གིས་ཤེས་ཡོན་སློབ་སྦྱོང་དང་མཉམ་དུ་བཟང་སྤྱོད་སྤྲད་དགོས་བྱུང་དུས་ཆོས་ལུགས་ལ་མ་བརྟེན་པ་ཞིག་མེད་པ་ཡིན་ན། སློབ་ཚན་ནང་ཚུད་རྒྱུ་དང་སློབ་གྲྭའི་ནང་འཁྱེར་རྒྱུ་དཀའ་ལས་ཁག་པོ་ཆགས་ཀྱི་ཡོད་རེད། དེ་དག་ལག་ལེན་དངོས་སུ་བསྟར་དུས་དཀའ་ངལ་ཡོང་རྒྱུའི་གནས་སྟངས་ཤིག་དང་། ༧སྐྱབས་མགོན་རིན་པོ་ཆེས་ཆོས་ལུགས་ལ་མ་བརྟེན་པ་ཞེས་གསུངས་དགོས་པའི་རྒྱུ་མཚན་གཙོ་བོ་ག་རེ་རེད་ཅེ་ན། ད་ལྟ་སའི་གོ་ལ་འདིའི་ཐོག་འགྲོ་བ་མིའི་སྤྱི་ཚོགས་ཀྱི་མི་འབོར་དུང་ཕྱུར་བདུན་ཅུ་ཡས་མས་དེའི་ནང་ནས་བརྒྱ་ཆ་ལྟ་བུ་བརྩིས་ན། ཧ་ལམ་དུང་ཕྱུར་བཅུ་ཡས་མས་ཤིག་ཆོས་ལུགས་མེད་པའམ་ཆོས་ལ་དད་པ་མེད་མཁན་ (Atheist) ཟེར་བ་དེ་རེད། བཟང་སྤྱོད་ནི་ཁོང་ཚོ་ལའང་དགོས་ཀྱི་ཡོད་རེད། ཆོས་ལ་བརྟེན་པའི་བཟང་སྤྱོད་ཅིག་བསླབས་པ་ཡིན་ན་ཆོས་དད་མེད་པའི་འགྲོ་བ་མིའི་མི་འབོར་མང་པོ་ཞིག་ཡོད་པ་དེ་ཚོ་ཟུར་དུ་ཐོན་གྱི་རེད། འགྲོ་བ་མི་རིགས་ཡོངས་སུ་རྫོགས་པར་ Ethics for a Whole world གསུང་རྒྱུའི་རྒྱུ་མཚན་དེ་འགྲོ་བ་མིའི་རིགས་ཤིག་ཡིན་ཕྱིན་ཚང་མས་གཅིག་གྱུར་ལ་ཉམས་ལེན་བྱེད་ཐུབ་པ་དང་། སློབ་ཐུབ་པ། ལག་ལེན་ལ་བསྟར་ཐུབ་པའི་གནས་བབས་ཤིག་དགོས་ཀྱི་ཡོད་ཙང་། ཆོས་ལུགས་ལ་མ་བརྟེན་པ་གལ་ཆེན་པོ་ཆགས་སྟངས་དེ་འདྲ་རེད།

རྒྱུ་མཚན་དེ་དག་ལ་བརྟེན་ཕྱོགས་གཅིག་ནས་ཆོས་ལུགས་ཀྱི་ནུས་པས་མ་འདེང་བ་དང་། ཕྱོགས་གཞན་ནས་འགྲོ་བ་མིའི་སྤྱི་ཚོགས་ཚང་མ་ཆོས་ལ་ཡིད་ཆེས་བྱེད་མཁན་མིན་པ་དང་། ད་དུང་ཆོས་ལ་ཡིད་ཆེས་ཡོད་ཟེར་མཁན་གྱི་སྤྱི་ཚོགས་དེ་ཚོའི་ནང་དུའང་ཞིབ་ཚགས་ཀྱིས་བཙལ་པ་ཡིན་ན། ཆོས་ལ་རྒྱུ་མཚན་ཤེས་པའི་སྒོ་ནས་ཡིད་ཆེས་བྱེད་མཁན་ཞེ་དྲག་ཉུང་ཉུང་དང་། ད་ལྟ་ང་ཚོས་གློ་བུར་དུ་ལབ་སྐབས་མི་དུང་ཕྱུར་བདུན་ཅུའི་ནང་ཆོས་ལ་དད་པ་མེད་ཟེར་མཁན་བརྒྱ་ཆ་བརྒྱད་དགུ་ཞིག་རེད་ཟེར་ཡང་། ཆོས་ཡོད་ཟེར་མཁན་ནང་ཆོས་པ་ངོ་མ་དང་། ནང་པ་ཡིན་ཟེར་མཁན་དེ་ཚོའི་ནང་སྐྱབས་འགྲོ་རྒྱུད་ལ་ཡང་དག་པ་ཞིག་ལྡན་མིན་ག་ཚོད་ཡོད་མེད་བལྟས་པ་ཡིན་ན་བརྒྱ་ཆ་གཅིག་གཉིས་ཀྱང་རག་རྒྱུ་ཁག་པོ་ཡིན་ངེས། རྒྱུ་མཚན་དེ་དག་གིས་ད་ལྟའི་གནས་སྐབས་འདིར་འགྲོ་བ་མི་རིགས་སྤྱི་ཡོངས་ལ་ཁྱབ་པའི་སློབ་གསོ་ཞིག་སྤྲད་དགོས་ན། ཆོས་ལུགས་ལ་མ་བརྟེན་པ་ཞིག་དགོས་པ་དེ་ཐུགས་གལ་ཆེན་པོ་གཟིགས་པ་བཅས་ཆོས་ལུགས་ལ་མ་བརྟེན་པ་ཞིག་དགོས་པའི་བྱུང་རིམ་སྙིང་བསྡུས་དེ་ལྟར་རེད།

ད་ལྟ་སློབ་ཚན་འདི་ཇི་ལྟར་དགོངས་པར་འཁོར་བ་དང་། དེའི་རྒྱབ་ལྗོངས་ཀྱི་དངོས་ཡོད་གནས་ཚུལ་གང་རེད་ཅེ་ན། ང་ཚོ་མཚན་ཉིད་པའི་སྐད་ཆ་ཤོད་སྟངས་ལྟ་བུ་བྱས་པ་ཡིན་ན། གཞི་རིམ་གྱི་ལྟ་གྲུབ་གང་རེད། ༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ནམ་རྒྱུན་བཀའ་གནང་རྒྱུའི་དངོས་ཡོད་གནས་ཚུལ་ (present reality) གང་རེད། ལོ་བརྒྱ་ཕྲག་ཁ་ཤས་སྔོན་གྱི་སྤྱི་ཚོགས་ཀྱི་གནས་སྟངས་དང་། ད་ལྟའི་སྤྱི་ཚོགས་ཀྱི་དངོས་ཡོད་གནས་སྟངས་ཕྲན་བུ་མི་འདྲ་བ་ཆགས་ཡོད་ཀྱང་གཞི་རིམ་གྱི་ཆ་ནས་དངོས་ཡོད་གནས་སྟངས་ཁ་ཤས་གཏན་དུ་བསྡད་པ་མ་གཏོགས། འགྱུར་བ་ཁྱོན་ནས་འགྲོ་རྒྱུ་མེད་པའི་གནས་སྟངས་ཤིག་ཡོད་ཙང་། ཤེས་ཡོན་སློབ་གསོ་བྱས་པ་དང་། ལྟ་གྲུབ་གང་ཡང་རུང་བ་ལག་བསྟར་བྱས་པ་སོགས་ལས་ཀ་གང་འདྲ་ཞིག་བྱས་ཀྱང་དངོས་ཡོད་ཀྱི་གནས་ཚུལ་དང་མ་མཐུན་པ་ཞིག་བྱུང་བ་ཡིན་ན། ལམ་ལྷོང་ཡོང་རྒྱུ་དང་། ལག་ལེན་ལ་འཁེལ་རྒྱུ་མེད་ཙང་། རྒྱ་མི་གུང་ཁྲན་གྱིས་ཀྱང་དངོས་ཐོག་བདེན་འཚོལ་ཞེས་ཚིག་གཅིག་བཟོས་ཡོད་པ་ཁོ་རང་ཚོས་ལག་ལེན་བསྟར་གྱི་ཡོད་མ་རེད་མ་གཏོགས། དངོས་ཐོག་བདེན་འཚོལ་ཟེར་བ་དེ་དངོས་ཡོད་གནས་ཚུལ་ལ་ལྟོས་ནས་བྱ་བ་ཞིག་བྱས་པ་ཡིན་ན། ལག་ལེན་ལ་འཁེལ་རྒྱུ་དང་། དངོས་ཡོད་གནས་ཚུལ་དང་མི་མཐུན་པ་ཞིག་བྱས་པ་ཡིན་ན། དེ་ནི་བསྒྲུབ་རྒྱུ་མེད་པ་ཞིག་རེད། དཔེར་ན། ང་ཚོ་འགྲོ་བ་མིའི་སྤྱི་ཚོགས་འདི་རང་བཞིན་གྱི་ཆ་ནས་ངན་སྤྱོད་དང་འབྲེལ་བ་ཞིག་དང་འཚེ་བ་ཅན་ཞིག་ཡིན་ན་བཟོ་རྒྱུ་གང་ཡང་ཡོད་མ་རེད། དེ་བཞིན་གཅན་གཟན་ཁ་ཤས་སྐྱེས་ཙམ་ཉིད་ནས་ཁོ་རང་ཚོའི་འཚོ་ཐབས་དེ་སེམས་ཅན་བསད་ནས་བཟའ་རྒྱུ་མ་གཏོགས་རྩྭ་དང་ལོ་མ་ལ་སོགས་པས་འཚོ་མི་ཐུབ་པ་དེ་འདྲ་བཅོས་ནས་འཚེ་བ་མེད་པ་ཞིག་བཟོ་ཐུབ་ཀྱི་རེད་དམ་ཞེ་ན། བརྒྱ་ཆ་བརྒྱ་བཟོ་ཐུབ་ཀྱི་རེད་ཅེས་ལབ་ཐུབ་ཀྱི་མ་རེད། དེ་རིང་སང་ཉིན་སྦྱོང་བརྡར་སྤྲོད་སྟངས་ཀྱི་ཐབས་ལམ་མང་པོ་ཞིག་ཡོད་ཀྱང་མང་ཆེ་བ་རང་བཞིན་གྱིས་དེ་འདྲ་ཡིན་ན་བཅོས་རྒྱུ་ཁག་པོ་རེད། འགྲོ་བ་མིའི་རང་བཞིན་གྱི་གནས་སྟངས་དེ་ང་ཚོ་མཚན་ཉིད་པའི་ཤོད་སྟངས་ལྟར་བྱས་ན། སེམས་ཀྱི་རང་བཞིན་ལ་དྲི་མས་མ་ཞུགས་པ་ཟེར་བ་དེ་རེད། སེམས་ཀྱི་རང་བཞིན་ལ་དྲི་མས་མ་ཞུགས་པའི་རྒྱུ་མཚན་གྱིས་ཐར་པ་འཐོབ་རྒྱུ་ཡོད་པ་བཤད་ཀྱི་ཡོད་རེད། སེམས་ཀྱི་རང་བཞིན་ལ་དྲི་མས་ཞུགས་ན་ཐར་པ་འཐོབ་རྒྱུ་མེད་པ་ཆགས་ཀྱི་ཡོད་ཙང་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་ཆགས་ཀྱི་ཡོད་རེད།

དེར་བརྟེན་ད་ལྟ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་གཞི་གཞག་སའི་དངོས་ཡོད་གནས་ཚུལ་ཁ་ཤས་ཡོད་རེད། དེའི་ནང་ནས་དང་པོ་དེ་འགྲོ་བ་མི་ཡོངས་སུ་རྫོགས་པ་རྒྱུ་མཚན་གསུམ་གྱི་ཐོག་ནས་འདྲ་མཉམ་ཆགས་ཀྱི་ཡོད་རེད། དེ་དག་གང་དང་གང་རེད་ཅེ་ན། འགྲོ་བ་མི་ཞིག་ཡིན་ཕྱིན་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་མ་གཏོགས། ང་ལ་སྡུག་བསྔལ་དགོས་ཀྱི་འདུག ང་ལ་བདེ་བ་དགོས་ཀྱི་མི་འདུག་ཟེར་མཁན་གཅིག་ཀྱང་ཡོད་མ་རེད། འགྲོ་བ་མི་ལྟ་ཅི། སྲོག་ཆགས་གྲོག་མ་ཡན་ཆད་བདེ་བ་ཞིག་བཙལ་རྒྱུ་དང་། སྡུག་བསྔལ་ཞིག་ལས་གཡོལ་ཐབས་ཆེད་ཕར་རྒྱུག་ཚུར་རྒྱུག་བྱས་ནས་སྡོད་ཀྱི་ཡོད་པ་དེ་ནི་རང་གཤིས་སུ་གྲུབ་པའི་གནས་སྟངས་ཤིག་རེད། འགྲོ་བ་མི་དང་། རྒྱལ་ཁབ། སློབ་སྦྱོང་ཡོད་མེད་སོགས་ཀྱི་རིགས་གང་འདྲ་ཞིག་ཡིན་རུང་དབྱེ་བ་འབྱེད་རྒྱུ་མེད་པ་མི་དང་སྲོག་ཆགས་ཤིག་ཡིན་ཕྱིན་ཆད། བདེ་བ་འདོད་མཁན་དང་སྡུག་བསྔལ་མི་འདོད་མཁན་ཡིན་པ་དངོས་ཡོད་གནས་ཚུལ་ལམ་རང་བཞིན་ཆགས་ཡོད་པས། དེ་ལ་སུས་བལྟས་ཀྱང་བདེ་བ་འདོད་མཁན་དང་སྡུག་བསྔལ་མི་འདོད་མཁན་ཞིག་མ་གཏོགས་མེད་པས་འགལ་ཟླ་བྱེད་ཐུབ་ཐབས་ཡོད་མ་རེད། དེ་དང་ཆབས་ཅིག་ཐོབ་ཐང་གི་ཆ་ནས་བཤད་ཀྱང་རྒྱུ་མཚན་གཉིས་པ་དེ་འགྲོ་བ་མི་དང་། སྲོག་ཆགས་ཤིག་ཡིན་ཕྱིན་ཆད་བདེ་བ་འདོད་ལ་སྡུག་བསྔལ་མི་འདོད་པ་རང་བཞིན་ཡིན་པ་བཞིན། བདེ་བ་བསྒྲུབ་རྒྱུ་དང་སྡུག་བསྔལ་སྤང་རྒྱུའི་ཐོབ་ཐང་ཡང་གཅིག་པ་ཡོད་རེད། སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་བདེ་བ་བསྒྲུབ་རྒྱུ་དང་། སྡུག་བསྔལ་བསལ་རྒྱུའི་ཐོབ་ཐང་ཡོད་མ་རེད་ཅེས་བཤད་རྒྱུ་ཡོད་མ་རེད། འོན་ཀྱང་ཐོབ་ཐང་ཡོད་པ་ཞིག་བརྡལ་བཤིག་ལ་གཏོང་བའམ་འཕྲོག་པ་དེ་འདྲ་ཡོད་ཀྱང་དེ་ལྟར་བྱས་པ་དེས་ཐོབ་ཐང་མེད་པ་ཆགས་ཀྱི་ཡོད་མ་རེད། དེ་མིན་ཚང་མར་བདེ་བ་བསྒྲུབ་པ་དང་སྡུག་བསྔལ་བསལ་བའི་ཐོབ་ཐང་འདྲ་མཉམ་ཡོད་རེད།

འདྲ་མཉམ་གྱི་གནས་ཚུལ་གསུམ་པ་དེ་སྲོག་ཆགས་སམ་སེམས་ཅན་ཞིག་ཡིན་ཕྱིན་ཆད་མཐར་ཐུག་གི་བདེ་བ་བསྒྲུབ་རྒྱུ་དང་། སྡུག་བསྔལ་ཐམས་ཅད་སྤང་རྒྱུའི་ནུས་པ་ཡོད་པའང་གཅིག་མཚུངས་རེད། དེ་བཞིན་ཆོས་ཕྱོགས་ནས་མིན་པར་སོ་སོའི་མི་ཚེའི་ནང་ལ་ཆ་བཞག་ཀྱང་རང་གི་འདོད་པར་ཡོད་པའི་བདེ་བ་བསྒྲུབ་རྒྱུའི་ནུས་པ་དེ་ཡང་ཚང་མར་ཡོད་རེད། ཡུལ་དུས་གནས་སྐབས་དབང་གིས་ནུས་པ་དེ་མངོན་གསལ་དོད་པོ་ཡོང་མ་ཐུབ་པའི་བར་ཆད་དེ་འདྲ་ཡོང་སྲིད་པ་མ་གཏོགས། དངོས་ཡོད་གནས་ཚུལ་གྱི་ཐོག་ནས་སུ་འདྲ་ཞིག་ཡིན་ཡང་ཚང་མར་བདེ་བ་བསྒྲུབ་རྒྱུ་དང་། སྡུག་བསྔལ་བསལ་རྒྱུའི་ནུས་པ་ཡོད་རེད། ནང་པའི་ཆོས་ལུགས་ཀྱི་ཐོག་ནས་ཀྱང་སེམས་ཅན་ཞིག་ཡིན་ཕྱིན་ཆད་འཚང་རྒྱ་བའི་ནུས་པའམ་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུའི་ནུས་པ་ཡོད་པ་གཅིག་མཚུངས་རེད་ཅེས་གསུངས་ཡོད། རིགས་ཀྱི་ཆ་ནས་བཤད་སྐབས་དེ་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་ཞིག་བཤད་ཀྱི་ཡོད་མ་རེད། དེ་ཕར་ཟུར་དུ་བཞག་ཀྱང་ང་ཚོའི་དངོས་ཡོད་གནས་ཚུལ་ཐོག་ལ། དཔེར་ན། སློབ་གྲྭ་ཞིག་ནང་སློབ་ཕྲུག་སྟོང་ཕྲག་གཅིག་ཡོད་ན། དེ་དག་རིགས་པ་ཡག་ཉེས་དང་། སློབ་སྦྱོང་ཡག་ཉེས། གཟུགས་པོ་ཆེ་ཆུང་། གཟུགས་པོའི་རྩལ་དོད་ལོད་སོགས་ཀྱི་ཁྱད་པར་ཡོད་རེད་དེ། དངོས་སུ་དེའི་སེམས་ཀྱི་ནང་བདེ་བ་བསྒྲུབ་རྒྱུ་དང་སྡུག་བསྔལ་བསལ་རྒྱུའི་ནུས་པ་ཚང་མར་གཅིག་གྱུར་ཡོད་རེད་དམ་ཟེར་ན། ནུས་པ་དེ་སྟོན་ཐུབ་དང་མ་ཐུབ་དང་། གསལ་པོ་བཟོ་ཐུབ་དང་མ་ཐུབ་ཀྱི་གནས་ཚུལ་ཐ་དད་རེད་མ་གཏོགས། ཚང་མར་ནུས་པ་ཡོད་པ་གཅིག་གྱུར་ལས་ནུས་པ་མེད་མཁན་གཅིག་ཀྱང་ཡོད་མ་རེད། དེ་གཅིག་གིས་གཅིག་ལ་ལྟོས་པ་ཞིག་ཡིན་པས། འདྲ་མཉམ་ཡིན་པའི་རྒྱུ་མཚན་གསུམ་པོ་དེ་དག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུངས་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་གཞི་རིམ་གྱི་དངོས་ཡོད་གནས་སྟངས་དེའི་ཐོག་ལ་དགོངས་པ་བཞེས་ནས་སྟོན་གནང་བ་རེད།

དེ་རྗེས་དེ་བས་གལ་གནད་ཆེ་བའི་དངོས་ཡོད་ཀྱི་གནས་ཚུལ་བཞི་པ་དེ་གང་རེད་ཅེ་ན། འགྲོ་བ་མིའི་རང་གཤིས་དེ་བྱམས་བརྩེའི་རང་བཞིན་དང་། འཚེ་བ་མེད་པ། གཞན་དག་ལ་ཕན་ཐོགས་བྱེད་མཁན་ཞིག་ཡིན་པ་རེད། མེའི་རང་བཞིན་ཚ་ཞིང་སྲེག་པ་ཡིན་པས་གྲང་མོ་བཟོ་རྒྱུ་མེད་པ་དང་། ཆུའི་རང་བཞིན་བརླན་ཞིང་གཤེར་བ་ཡིན་བཞིན་དུ་བརླན་ཞིང་གཤེར་བ་མིན་པ་བཟོ་རྒྱུ་ཡོད་མ་རེད། དེ་བཞིན་མིའི་རང་བཞིན་དེ་ཡང་སྤྱོད་ངན་ཅན་ཞིག་ཡིན་ན་བཟང་སྤྱོད་ཅན་དུ་བཟོ་ཐུབ་རྒྱུ་མེད་ཀྱང་། མིའི་རང་གཤིས་སྤྱོད་ངན་ཅན་མ་ཡིན་པར་བཟང་སྤྱོད་ཅན་ཡིན་པ་དངོས་མཐོང་ལག་ཟིན་ལྟ་བུ་རེད། འགྲོ་བ་མིའི་སྤྱི་ཚོགས་བྱུང་བ་ནས་ད་ལྟའི་བར་འགྲོ་བ་མིའི་རིགས་རྒྱུན་མ་ཆད་པར་གནས་ཐུབ་པ་དེ་བྱམས་བརྩེའི་ཐོག་ནས་བྱུང་ཡོད་རེད། བྱམས་བརྩེ་མེད་པ་ཡིན་ན། དཔེར་ན། མིའི་ཕྲུ་གུ་བཙས་མ་ཐག་པ་ཞིག་ཨ་མས་བྱམས་བརྩེ་མ་བྱས་པར་ཕྱི་ལོགས་ལ་གཡུགས་བཞག་ཚེ་ལམ་སང་ཤི་ཡི་རེད་མ་གཏོགས་འཚོ་ཐུབ་པའི་ནུས་པ་མེད་པ་གསལ་པོ་རེད། སྲོག་ཆགས་དུད་འགྲོ་ཁ་ཤས་ཨ་མས་སྒོ་ང་བཏང་ནས་གཡུགས་བཞག་ཀྱང་རང་མགོ་ཐོན་པ་ཆགས་པ་ཁ་ཤས་ཡོད་རེད། འགྲོ་བ་མིའི་རིགས་ནི་མངལ་ལས་སྐྱེས་པ་ཡིན་ཙང་ཨ་མའི་བྱམས་བརྩེ་ལ་མ་བརྟེན་པར་རང་མགོ་ཐོན་པ་གཅིག་ཀྱང་ཡོད་མ་རེད། ཕ་མའི་བྱམས་བརྩེའི་སྒོ་ནས་ཕྲུ་གུ་གསོས། དེ་ནས་ནང་གི་བྱམས་བརྩེ་དེས་ཁྱིམ་ཚང་འཚོ། ཁྱིམ་ཚང་དེས་ཁྱིམ་ཚང་གཞན་དང་མཉམ་དུ་བྱམས་བརྩེའི་ཐོག་ནས་འབྲེལ་བ་བྱུང་སྟེ་སྤྱི་ཚོགས་ཆགས་པར་བརྟེན། མིའི་སྤྱི་ཚོགས་ཞེས་པ་དེ་ལོ་ས་ཡ་མང་པོ་ནས་མ་ཉམས་པར་ཡོང་བསྡད་པས། མིའི་རང་བཞིན་བྱམས་བརྩེ་དང་ལྡན་པ་ཞིག་ཡིན་པ་མཚོན་གྱི་ཡོད་རེད།

ན་ནིང་གཞེས་ཉིན་ཚན་རིག་པ་ཚོས་བརྟག་དཔྱད་རིམ་པ་མང་པོ་བྱས་པའི་ནང་གི་དཔེ་མཚོན་ཞིག་ཞུས་པ་ཡིན་ན། ཕྲུ་གུ་སྐྱེས་ནས་ཟླ་བ་བཞི་ནས་དྲུག་བར་སོན་ཞིང་ད་ལྟ་ངོས་ཟིན་པའམ་ངོ་ཤེས་བྱེད་རྒྱུའི་ནུས་པ་མེད་པ་དེ་ཚོའི་མདུན་ལ། ཕྲུ་གུ་ནང་ཕན་ཚུན་རྒྱག་རེས་བརྒྱབ་པ་དང་། གཅིག་གིས་གཅིག་ལ་གཞུ་རེ་གཏོང་སྡོད་པ། ངུ་བཞིན་པའི་གློག་བརྙན་དེ་འདྲ་སྟོན་སྐབས་ཕྲུ་གུ་ཆུང་ཆུང་དེ་ཚོས་ཁ་ཕར་ཀྱོག་ནས་བསྡད་པ་དང་མིག་བཙུམས་པ་དེ་འདྲ་བྱེད་པ་དང་། ཕྲུ་གུ་གཅིག་གིས་གཅིག་ལ་བྱམས་པོ་དང་རོགས་པ་བྱེད་མཁན་དེ་འདྲའི་གློག་བརྙན་སྟོན་སྐབས་ཡག་པོ་བལྟས་ཏེ་གད་མོ་བགད། དེའི་མདུན་ལ་འགྲོ་ཐབས་དང་ལག་པ་ཕར་བརྐྱངས་པ་སོགས་བྱེད་ཀྱི་འདུག་ཅེས་བརྗོད་ཡོད། དེང་རབས་ཀྱི་ཚན་རིག་གི་ལམ་སྲོལ་གྱི་ཐོག་ནས་བརྟག་དཔྱད་བྱེད་སྟངས་དེ་ཚོས་ཕྲུ་གུ་ཆུང་ཆུང་དེའི་བསམ་བློའི་ནང་བྱམས་བརྩེའི་རང་བཞིན་ཡོད་པ་མ་གཏོགས། ཁོང་ཁྲོ་དང་འཚེ་བའི་རང་བཞིན་མེད་པ་མཚོན་གྱི་ཡོད་རེད། དེ་མིན་འཚེ་བའི་གཟུགས་བརྙན་དེ་ཚོར་དགའ་པོ་བྱེད་པ་དང་། བྱམས་བརྩེའི་གཟུགས་བརྙན་དེ་ཚོར་མི་དགའ་བ་བྱེད་པ་བཅས་ནི་ཕྲུ་གུ་དེས་ད་ལྟ་ཁ་གྲག་མི་ཤེས་པ་དང་། དངོས་པོ་ངོ་ཤེས་ནས་དབྱེ་བ་འབྱེད་ཐུབ་ཀྱི་ཡོད་མ་རེད། འོན་ཀྱང་ཁོང་ཚོས་མིག་ལམ་ལ་ལན་སྤྲོད་སྟངས་དེ་གང་འདྲ་ཞིག་འདུག་པ་ལྟ་དུས་འགྲོ་བ་མིའི་རང་བཞིན་གྱི་གནས་སྟངས་དེ་བྱམས་བརྩེ་ཅན་དང་། བཟང་སྤྱོད་དང་ལྡན་པ་ཞིག་ཡིན་པ་མཚོན་ཐུབ་པའི་རྒྱུ་མཚན་གྱིས་བཟང་སྤྱོད་ཡོང་རྒྱུའི་ཐབས་ལམ་ཞིག་བཙལ་པ་ཡིན་ན། བཙལ་ཐུབ་རྒྱུའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་རེད།

འགྲོ་བ་མི་ལ་བཟང་སྤྱོད་དང་ངན་སྤྱོད་གཉིས་ཡོད་པ་ལས་བཟང་སྤྱོད་དགོས་པའི་གནས་སྟངས་ག་རེ་ཆགས་ཀྱི་ཡོད་པ་དང་། འགྲོ་བ་མི་རྣམས་ངན་སྤྱོད་ནང་ག་པར་འགྲོ་ཡི་ཡོད་ཀྱང་བཏང་ན་འགྲིག་གི་མ་རེད་དམ་ཞེ་ན། དེ་ལྟར་འགྲིག་གི་ཡོད་མེད་ད་ལྟའི་སྤྱི་ཚོགས་ཀྱི་གནས་བབས་ཀྱི་ཐོག་ནས་ང་ཚོས་དངོས་མཐོང་ལག་ཟིན་གྱི་གནས་སྟངས་དེ་ཆགས་ཀྱི་ཡོད་རེད། ད་ལྟ་འཇིག་རྟེན་འདིའི་ནང་གསོད་རེས་ག་ཚོད་གཏོང་གི་ཡོད་པ་དང་། མི་གསོད་ཁྲག་སྦྱོར་ག་ཚོད་བྱེད་ཀྱི་ཡོད་པ། དམག་ག་ཚོད་རྒྱག་གི་ཡོད་པ། འཇིགས་སྐུལ་རིང་ལུགས་པ་ག་ཚོད་ཡོང་གི་ཡོད་པ། རྐུན་མ་བརྐུས་ཏེ་དྲང་བདེན་མ་ཡིན་པའི་སྐྱག་རྫུན་ཤོད་མཁན་ག་ཚོད་ཡོད་པ། ལྐོག་ཟ་རུལ་སུངས་བྱེད་མཁན་ག་ཚོད་ཡོང་གི་ཡོད་པ། གཅིག་གིས་གཅིག་ལ་གཉའ་གནོན་བཤུ་གཞོག་གི་ཐོག་ནས་སྡུག་པོ་གཏོང་མཁན་ག་ཚོད་ཡོང་གི་ཡོད་པ་སོགས་རྒྱ་ཁྱབ་ཆེན་པོ་རེད། དེ་ཚོར་བལྟས་ནས་འགྲོ་བ་མིའི་རིགས་ལ་བདེ་བ་དང་སྡུག་བསྔལ་གཉིས་ནས་སྡུག་བསྔལ་ཡོང་བ་མ་གཏོགས་བདེ་བ་ཡོང་གི་ཡོད་མ་རེད། ད་ལྟ་ང་ཚོ་མིའི་སྤྱི་ཚོགས་ནང་ཡོད་པའི་སྡུག་བསྔལ་ཚང་མ་ཆུ་ལོག་བརྒྱབ་པ་དང་། ཐན་པ་བཏང་བ་སོགས་ཕྱིའི་འབྱུང་བའི་འཇིག་པ་ལ་བརྟེན་ནས་བྱུང་བ་ཡིན་ན། འབྱུང་བའི་གནོད་པ་རེད་ཅེས་ལབ་ཀྱི་ཡོད་རེད། འབྱུང་བའི་གནོད་པ་དེ་དག་སྔོན་མ་ཁྱོན་ནས་མི་བྱུང་བར་ད་ལྟ་འབྱུང་བཞིན་པ་དེ་མིས་བཟོས་པ་རེད་མ་གཏོགས་འབྱུང་བ་དཀྲུག་དཀྲུག་བཏང་ནས་བྱུང་བ་ཞིག་མ་རེད། ཁྱེད་རང་ཚོ་ལ་དྭགས་ལྟ་བུར་ཆ་བཞག་པ་ཡིན་ན། ལ་དྭགས་དེ་བསྐལ་པ་ཆགས་པ་ནས་བཟུང་ཉེ་དུས་བར་ས་སྐམ་པོ་འདིར་ཆུ་ལོག་བརྒྱབ་ཟེར་བ་ཞིག་བྱུང་རབས་ནང་ཁྱོན་ནས་གོ་རྒྱུ་མེད་པ་ཞིག་ད་ལྟ་ཕྱི་ལོ་བརྒྱ་ཕྲག་ཉི་ཤུ་རྩ་གཅིག་པའི་ནང་ཡོང་བ་དེ་མིས་ལས་ཀ་བྱེད་སྟངས་མ་འགྲིག་པར་ཁོར་ཡུག་ལ་ཉམས་ཆག་བཏང་བའི་དབང་གིས་དུས་བཞིའི་འགྱུར་བ་ (climate change) ཧ་ཅང་མི་འདྲ་བ་ཞིག་ཏུ་ཕྱིན་པ་མ་ཟད། ས་ཡི་གོ་ལ་འདིའི་དྲོད་ཚད་ཇི་ཙམ་དགོས་པ་དེ་ལས་ལྷག་པ་ global warming འབྱུང་གི་ཡོད་རེད། དེ་རིང་སང་ཉིན་རྒྱ་མཚོའི་འགྲམ་དང་རི་རྩེ་ལ་སོགས་པ་ཚང་མར་ཁོར་ཡུག་ཉམས་ཆག་ཕྱིན་པའི་རྒྱུ་མཚན་གྱིས་འབྱུང་བ་འཁྲུག་པའི་ཉེས་པ་བྱུང་བ་རེད། དེ་ཚོ་ཚང་མ་སྲོག་ཆགས་དུད་འགྲོ་རི་དྭགས་གཅན་གཟན་གྱིས་བཟོས་པ་དང་། དཀོན་མཆོག་གིས་བཀོད་པ། འབྱུང་བ་རང་གི་ཆ་ནས་ཡོང་བ་ཞིག་ཀྱང་མིན་པར་འགྲོ་བ་མིས་རང་བཞིན་འབྱུང་བ་དང་མཉམ་དུ་འབྲེལ་བ་འཇོག་སྟངས་དེ་བཟང་སྤྱོད་དང་ལྡན་པ་ཞིག་མ་བྱུང་བར་སོ་སོའི་འདོད་རྔམ་ཁོ་ནའི་ངང་ཕྱིན་པའི་གནས་བབས་ཀྱིས་གནས་ཚུལ་དེ་ཚོ་བྱུང་བར་བརྟེན། ད་ལྟའི་གནས་སྐབས་ལ་ང་ཚོའི་འཇིག་རྟེན་འདིའི་ནང་ཡོད་པའི་དཀའ་ངལ་དེ་དག་བྱུང་བ་རེད།

དཀའ་ངལ་དེ་ཚོ་བསྡོམས་ཤིག་བརྒྱབ་པ་ཡིན་ན། དཀའ་ངལ་དང་པོ་དེ་འཚེ་བ་རེད། ད་ལྟ་ང་ཚོས་འཇིག་རྟེན་འདིའི་ཐོག་ཡར་རྒྱས་ཞེ་དྲག་འགྲོ་ཡི་ཡོད་རེད་ཟེར་གྱི་ཡོད་ཀྱང་མི་སུ་འདྲ་ཞིག་ག་པར་ཕྱིན་རུང་འཇིགས་སྣང་ཤ་སྟག་མ་གཏོགས་འདིར་ཉེན་ཁ་མེད་སྙམ་སྟེ་སྡོད་མི་ཐུབ་པ་དང་། ལྷག་པར་ཕར་ཚུར་གནམ་གྲུའི་ནང་འགྲོ་སྐབས་རྒྱ་གར་ལ་ཕྲན་བུ་དྲག་གི་རེད་མ་གཏོགས། ནུབ་ཕྱོགས་ཁུལ་གྱི་གནམ་ཐང་དུ་ཚང་མ་འཇིགས་སྐུལ་རིང་ལུགས་པ་ཡིན་པའི་བཟོ་འདྲ་ཞིག་བྱས་ཏེ། ལྷམ་དང་། ཞྭ་མོ། མགོ་ལ་ཐོད་དཀྲིས་ཡོད་ཀྱང་ཕུད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། ངས་ཁོང་ཚོར་ནུབ་ཕྱོགས་སུ་ལྷ་ཁང་ནང་འགྲོ་དུས་ལྷམ་ཕུད་མི་དགོས་པར་གནམ་གྲུའི་ནང་འགྲོ་དུས་ལྷམ་ཕུད་འཇུག་གི་འདུག་པ་ཁྱད་མཚར་འདུག་ཅེས་སྐྱག་སྐྱག་བྱས་ཏེ་ལབ་ཀྱི་ཡོད། དེའི་བཟོ་ལྟར་དགུ་བཅུ་གཅིག་གི་དོན་རྐྱེན་ལ་སོགས་པ་འཚེ་བའི་གནས་སྟངས་འོག་ག་དུས་ཡིན་ཡང་འཇིགས་དངངས་དང་ཐེ་ཚོམ་ངང་སྡོད་དགོས་པ་དེ་ཚོ་འགྲོ་བ་མིས་བཟང་སྤྱོད་ཉམས་ཏེ་བཟོས་པའི་རྐྱེན་གྱིས་ཡོང་གི་ཡོད་རེད། དེ་མཚུངས་འཇིག་རྟེན་ལའང་དང་པོ་དང་། གསུམ་པ། བཞི་པར་དབྱེ་བ་ཕྱེ་ནས་ཡར་རྒྱས་ཕྱིན་པའི་འཇིག་རྟེན་དང་། ཡར་རྒྱས་འགྲོ་བཞིན་པའི་འཇིག་རྟེན། ཡར་རྒྱས་མ་ཕྱིན་པའི་འཇིག་རྟེན་བཅས་ཀྱིས་དབུལ་ཕྱུག་གི་ཁྱད་པར་དང་། དེའི་དབང་གིས་གཅིག་གིས་གཅིག་ལ་གཉའ་གནོན་བཤུ་གཞོག་བྱེད་རྒྱུའི་གནས་སྟངས་དེ་འདྲ་ཡོང་གི་འདུག དབུལ་ཕྱུག་གི་གནས་སྟངས་དེའང་ཉིན་རེ་བཞིན་ཆེ་རུ་འགྲོ་བ་དང་། ཁོར་ཡུག་ཉམས་ཆག་ཕྱིན་ནས་སུས་ཀྱང་བདག་ཏུ་མ་བཟུང་བའི་རང་བྱུང་གི་ཁམས་དེ་ཚོའང་བཙོག་པ་ཆགས་ཏེ། མིའི་སྲོག་འཚོ་བའི་དགོས་མཁོ་མེད་དུ་མི་རུང་བ་ཆུ་གཙང་མ་ཞིག་ཀྱང་འཐུང་རྒྱུ་མ་རག་པར་རིན་པ་སྤྲད་ནས་ཉོ་དགོས་ཀྱི་ཡོད་རེད། བརྒྱ་ཕྲག་ཉི་ཤུ་པའི་སྔ་རོལ་དུ་ཆུ་ལ་རིན་པ་སྤྲད་ནས་ཉོས་པ་རེད་ཅེས་ཧ་ལམ་གོ་མྱོང་ཡོད་མ་རེད། ས་དང་། ཆུ། མེ། རླུང་ཞེས་པ་རང་བཞིན་གྱི་འབྱུང་བ་འཇིག་རྟེན་ཐམས་ཅད་ལ་དབང་བ་ཞིག་མ་གཏོགས་སུས་ཀྱང་བདག་ཏུ་མ་བཟུང་བ་རེད། ད་ལྟའི་ཆར་རྒྱ་མཚོ་དང་ནམ་མཁའ་དང་བཅས་པར་ས་ཚིགས་འཐེན་ནས་བགོ་བཤའ་བརྒྱབ་ཚར་བ་རེད། སྲོག་འཚོ་བར་མེད་དུ་མི་རུང་བའི་ཆུ་གཙང་མ་ཞིག་འཐུང་རྒྱུ་དང་། རླུང་གཙང་མ་ཞིག་རྔུབ་རྒྱུ་ཡང་དཀའ་ལས་ཁག་པོ་ཆགས་ཀྱི་ཡོད་རེད། དིལླཱི་དང་པེ་ཅིང་ལྟ་བུའི་རྒྱལ་ས་དེ་ཚོའི་ནང་ཆ་བཞག་ཀྱང་རླུང་ནང་སྦགས་བཙོག་ཧ་ཅང་ཆེན་པོ་ཆགས་པའི་རྒྱུ་མཚན་གྱིས་མི་ཚང་མར་དུས་མ་ཡིན་པའི་འཆི་བ་དང་། ན་ཚ་འདྲ་མིན་སྣ་ཚོགས་ཡོང་བཞིན་པ། ཉི་ཧོང་གི་མངའ་སྡེ་ཁ་ཤས་ནང་ཁང་ཆུང་དེ་འདྲའི་ནང་སྲོག་རླུང་རྔུབ་རྒྱུའི་སྒམ་ཆུང་འཁྱེར་ནས་འགྲོ་དགོས་པ་ཆགས་འདུག་ཟེར་གྱི་འདུག་པ་བཅས་ང་ཚོའི་ཁོར་ཡུག་གི་གནས་སྟངས་དེ་འདྲ་ཆགས་ཡོད་རེད།

འགྲོ་བ་མིའི་ཕན་བདེ་སྒྲུབ་པའི་ཐབས་ལམ་གཞན་དུ་མ་མཆིས་པ་དེ་ཆོས་རེད། ཆོས་དེ་ཡང་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་གཏོང་རྒྱུ་དང་། འགྲོ་བ་མི་གཅིག་གྱུར་བཟོ་རྒྱུའི་ཚབ་ཏུ་ཆོས་ལུགས་ཀྱི་སྐད་ཆ་བཤད་ནས་འཐེན་འཁྱེར་བྱས་ཏེ། ད་ལྟ་དཀྱིལ་ཤར་ཨེ་ཤི་ཡ་ལ་སོགས་པའི་ལུང་པ་མང་པོའི་ནང་ཉིན་ལྟར་མི་གསོད་ཁྲག་སྦྱོར་དེ་ཚོ་ཆོས་ལུགས་འཐེན་འཁྱེར་དབང་གིས་ཡོང་གི་ཡོད་རེད། དེ་ཚོ་ཚང་མ་འགྲོ་བ་མིའི་སྤྱི་ཚོགས་ནང་རང་གཤིས་སུ་ཡོད་པའི་བཟང་སྤྱོད་ཉམས་ནས་ཆགས་སྡང་ཕྱོགས་ལྷུང་དང་། འཁོན་རྩོད། གཅིག་གིས་གཅིག་ལ་གཉའ་གནོན་བཤུ་གཞུག་བྱེད་རྒྱུའི་ལམ་སྲོལ་གྱི་དབང་གིས་བྱུང་བ་ཞིག་རེད། དེར་བརྟེན་འགྲོ་བ་མིའི་སྤྱི་ཚོགས་ལ་ཞི་བ་དང་བདེ་བ་ཞིག་དགོས་ཀྱི་ཡོད་ན་བཟང་སྤྱོད་ཡར་རྒྱས་མ་བཏང་ཐབས་མེད་རེད། བཟང་སྤྱོད་ཡར་རྒྱས་གཏོང་སྟངས་དེ་མེད་དུ་མི་རུང་བའི་དགོས་མཁོ་ཞིག་ཡིན་པ་བར་ལམ་ཆོས་ལུགས་ཁག་གིས་ཕྲན་བུ་སྒྲུབ་ཀྱི་ཡོད་ཀྱང་། ད་ལྟའི་གནས་སྐབས་སུ་ཆོས་ལུགས་ཁག་གིས་དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་སྒྲུབ་མ་ཐུབ་པ་ར་འཕྲོད་པའི་སྐབས་འདིར་ཤེས་ཡོན་གྱི་ལམ་སྲོལ་དེ་ཐབས་ལམ་གཞན་ཞིག་རེད། ཤེས་ཡོན་གྱི་ལམ་སྲོལ་ནང་གོང་ཞུས་ལྟར་ཕྲུ་གུ་ལོ་གསུམ་བཞི་ནས་སྔོན་འགྲོའི་སློབ་གྲྭའི་ནང་བཅུག་པ་དང་། དེ་ནས་ལོ་ཉི་ཤུ་རྩ་གྲངས་བར་གཙུག་ལག་སློབ་ཁང་གི་རབ་འབྱམས་པ་དང་ཉེ་བའི་རབ་འབྱམས་པ་ལ་སོགས་པ་མ་ཐོན་བར་དུ་ཤེས་ཡོན་ནང་སྡོད་ཀྱི་ཡོད་པར་བརྟེན། ལུས་ངག་ཡིད་གསུམ་གྱི་འཚར་ལོངས་ཀྱི་གནས་སྐབས་མང་ཆེ་བ་ཞིག་ཤེས་ཡོན་སྡེ་ཚན་ཁག་ནང་སྐྱེལ་གྱི་ཡོད་རེད། དེ་འདྲ་སོང་ཙང་ཤེས་ཡོན་སྡེ་ཚན་ཁག་གི་ནང་ཤེས་ཡོན་གྱི་མིང་ཐོག་ནས་བསྡོམས་རྒྱག་སྟངས་དང་། བགོད་སྟངས་ཀྱི་རྩིས་ལ་སོགས་པ་གང་འདྲ་ཞིག་ཡིན་ཡང་བསམ་བློའི་ནང་འགྱུར་བ་ཁྱོན་ནས་འགྲོ་རྒྱུ་མེད་པའི་གནས་ཚུལ་ཤ་སྟག་སྤྲད་བསྡད་པ་ཡིན་ན། དེས་འགྲོ་བ་མིའི་འཚར་ལོངས་དེ་བཟང་སྤྱོད་དང་ལྡན་པ་ཞིག་ཡོང་རྒྱུར་མ་ཕན་པར། སློབ་སྦྱོང་གི་གནས་ཚད་མཐོ་པོ་རེད་ཅེས་ལག་འཁྱེར་ཆེན་པོ་དེ་འདྲ་འཁྱེར་རྒྱུ་ཡོད་རུང་མི་དེ་ངན་སྤྱོད་ཅན་དང་། མ་རབས། ཐེབས་ཆག་ཅིག་བྱུང་བ་ཡིན་ན་ཕན་ཐོགས་གང་ཡང་མ་བྱུང་བ་རེད། དེར་བརྟེན་ཤེས་ཡོན་གྱི་ལམ་སྲོལ་ནང་མ་འདེང་བའི་ཆ་དེ་ཚོ་བསལ་ནས་དེའི་ནང་ཁྱོན་ཡོངས་ཀྱི་ཚན་རིག་དང་། སྒྱུ་རྩལ་སོགས་སློབ་ཚན་གང་འདྲ་ཞིག་ཡིན་ཡང་དེ་སློབ་པ་དང་མཉམ་དུ་མིའི་བཟང་སྤྱོད་གོང་འཕེལ་དུ་འགྲོ་བ་དང་། མི་དེའི་བསམ་བློ་ཚད་ལྡན་ཡོང་རྒྱུའི་ཐབས་ཤེས་བྱེད་དགོས། གལ་སྲིད་འཇིག་རྟེན་འདི་བདེ་སྐྱིད་ལྡན་ཞིང་ད་ལྟ་ནང་བཞིན་དཀའ་ངལ་དང་ཀླན་ཀ་མང་པོ་མེད་པ་ཞིག་དགོས་ན། བཟང་སྤྱོད་ཡར་རྒྱས་གཏོང་རྒྱུ་འདི་མེད་དུ་མི་རུང་བ་ཞིག་ཆགས་ཀྱི་ཡོད་སྟབས། ༧སྐྱབས་མགོན་རིན་པོ་ཆེས་འཇིག་རྟེན་ཁྱོན་ཡོངས་ཀྱི་འགྲོ་བ་མི་རིགས་ཡོངས་རྫོགས་ཀྱི་བདེ་དོན་དང་འབྲེལ་བའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་གནས་སྟངས་དེར་ང་ཚོས་དོ་སྣང་བྱེད་རྒྱུ་གལ་ཆེན་པོ་རེད་ཅེས་བཀའ་གནང་བ་དེ་དངོས་ཡོད་ཀྱི་གནས་ཚུལ་ལ་བརྟེན་པ་ཞིག་རེད་མ་གཏོགས། ཆོས་ཁྱབ་སྤེལ་བྱེད་རྒྱུ་དང་། བོད་པའི་དམིགས་བསལ་གྱི་དོན་དག་བསྒྲུབ་རྒྱུ་སོགས་གང་ཡང་མ་རེད།

འོ་ན་དངོས་སུ་བཟང་སྤྱོད་ཡར་རྒྱས་ཇི་ལྟར་གཏོང་དགོས་པ་དང་། ཡར་རྒྱས་གཏོང་སྟངས་ཀྱི་རིམ་པ་གང་འདྲ་ཡོད་རེད་ཅེ་ན། འགྲོ་བ་མིའི་ལུས་ངག་གི་བྱ་བ་གཉིས་ཀའི་འབྱུང་ཁུངས་གཙོ་བོ་སེམས་དེ་རེད། བསམ་བློའི་ནང་གནས་ཚུལ་གང་ཡང་རུང་བ་ཞིག་འཁོར་བའི་བློ་དེ་ང་ཚོས་ཆོས་སྐད་ཐོག་ནས་བཤད་ན། ཉོན་མོངས་པའི་བློ་དང་ཉོན་མོངས་ཅན་མ་ཡིན་པའི་བློ་གཉིས་ལས་བཟང་སྤྱོད་དང་ངན་སྤྱོད་གཉིས་ཡོང་གི་ཡོད་རེད། དེང་རབས་ཀྱི་སྐད་ཆ་ཤོད་སྟངས་ལྟར་བྱས་པ་ཡིན་ན། བསམ་པ་བཟང་པོ་དང་ངན་པ་ཞིག དེའི་ནང་ནས་ཚོར་བའི་བསམ་པ་བཟང་པོ་དང་ངན་པ་ཞིག (positive emotion and negative emotion) ལུས་ངག་གི་བྱ་བ་ཚང་མ་བསམ་བློའི་ནང་གི་སེམས་ཀྱི་ཚོར་བའི་འགྱུར་བག་ཅིག་ལ་བརྟེན་ནས་ཡོང་གི་ཡོད་ཙང་། བསམ་བློའི་སེམས་ཀྱི་འགྱུར་བག་གི་འགྲོ་སྟངས་དེར་འགྱུར་བའམ། བཟོ་བཅོས། ཡར་རྒྱས་ཤིག་གཏོང་མ་ཐུབ་པ་ཡིན་ན། ལུས་ངག་གི་བྱ་བ་ཁོ་ནར་ང་ཚོས་སྒྲིག་ལམ་ལྟ་བུ་བཟོས་ཏེ་མནན་བཞག་པ་ཙམ་གྱིས་ཕན་ཐོགས་གང་ཡང་ཡོད་མ་རེད། ལུས་ངག་གི་བྱ་བ་དེ་ཡིད་ཀྱི་རྗེས་དཔག་གི་འབྲས་བུ་ཡིན་ཙང་། དེ་དོན་དང་མཐུན་པའི་ཕྱོགས་ལ་འགྲོ་ཐུབ་པ་ཞིག་བཟོས་པ་ཡིན་ན་ཏག་ཏག་བསྡད་ཀྱི་རེད། དེའི་ཐོག་ནས་རྒྱུན་གནས་ཐུབ་པའི་འགྱུར་བ་བཟང་པོ་ཞིག་འགྲོ་ཐུབ་པའི་རེ་བ་རྒྱག་རྒྱུ་རེད། དེ་འདྲ་སོང་ཙང་ཐོག་མར་རང་གི་བསམ་བློར་བརྟག་དཔྱད་བྱས་ནས་སོ་སོའི་བསམ་བློའི་ནང་སེམས་ཀྱི་ཚོར་བ་མི་འདྲ་བ་སྣ་ཚོགས་བྱུང་སྐབས། སེམས་ཀྱི་ཚོར་བ་དེ་དངོས་ཡོད་གནས་ཚུལ་ལ་བརྟེན་པའམ། ཡང་ན་རྣམ་རྟོག་གིས་སྒྲོ་བཏགས་པ་ཞིག་ཡིན་མིན་ཞིབ་འཇུག་བྱེད་སྟངས་དེ་ནི། ༧སྐྱབས་མགོན་རིན་པོ་ཆེས་སློབ་གྲྭ་ཁག་གི་ནང་རིགས་ལམ་བསླབ་དགོས་རེད་ཅེས་གསུངས་པའི་མཐའ་མ་ཐུག་ས་དེ་རེད།

རིགས་ལམ་ཡོད་པ་ཡིན་ན་རིགས་པའི་ལམ་ནས་བརྟག་དཔྱད་བྱས་ཏེ། རང་གི་བསམ་བློ་དེ་དོན་དང་མཐུན་མིན་གྱི་དབྱེ་བ་དེ་རང་ཉིད་ཀྱིས་འབྱེད་ཐུབ་པའི་དོན་དུ་རེད། རིགས་པའི་ལམ་ནས་དབྱེ་བ་མ་ཕྱེ་བ་ཡིན་ན། རྨོངས་དད་དང་ལྐུགས་པའི་ཨུ་ཚུགས་ཀྱི་སྒོ་ནས་འདི་ཡག་པོ་ཡིན། འདི་སྡུག་ཆགས་ཡིན་དྲན་བསྡད་པ་ཙམ་གྱིས་ཏག་ཏག་ངོས་འཛིན་ཐུབ་རྒྱུའི་གནས་བབས་གང་ཡང་ཡོད་མ་རེད། དེར་བརྟེན་མི་དེ་རྨོངས་དད་མ་བྱས་པར་རིགས་པའི་རྗེས་འབྲང་བྱེད་མཁན་ཞིག་བཟོ་རྒྱུའི་ཆེད་དུ་རིགས་ལམ་ཡག་པོ་ཞིག་ཤེས་རྒྱུ་གལ་ཆེན་པོ་བརྩི་གནང་གི་ཡོད་རེད། རིགས་པའི་རྗེས་སུ་འབྲང་མཁན་ཞིག་ཆགས་ན་མི་ཁོ་རང་གི་ཆོས་ལུགས་དང་། དགེ་རྒན། གྲོགས་པོ་སོགས་གང་ལའང་མ་བརྟེན་པར་རང་གིས་བླང་དོར་བྱ་རྒྱུའི་དོན་དེ་དག་རང་སྟོབས་ཀྱིས་འབྱེད་ཐུབ་ཀྱི་རེད། བླང་དོར་གྱི་གནས་ལ་རང་སྟོབས་ཀྱི་འབྱེད་ཐུབ་པ་དེར་ཤེས་རབ་ཅེས་ལབ་ཀྱི་ཡོད་རེད། ཤེས་པའི་ནང་ནས་མཆོག་ཏུ་གྱུར་པ་དེ་འོས་ཤིང་འཚམས་པ་དང་མི་འཚམས་པ། བྱེད་རུང་བ་དང་མི་རུང་བ་གང་ཡིན་པ་དེ་དག་མི་གཞན་ལ་སྐད་ཆ་དྲི་མི་དགོས་པར་རང་གིས་རྒྱུ་མཚན་དྲངས་པའི་ཐོག་ནས་སོ་སོས་དབྱེ་བ་འབྱེད་ཐུབ་པ་ཞིག་བྱུང་བ་ཡིན་ན། མི་དེས་ནོར་འཁྲུལ་དང་སྡུག་ཆགས་བྱེད་རྒྱུའི་གོ་སྐབས་ཞེ་དྲག་ཉུང་ཉུང་ངམ་ཧ་ལམ་བྱེད་ཀྱི་མ་རེད་ཅེས་ལབ་ཀྱང་འགྲིག་གི་རེད། ད་ལྟ་ང་ཚོ་མང་ཆེ་བ་ཞིག་གིས་བསམ་བློའི་ཚོར་བའི་རྗེས་ལ་རྒྱུགས་ནས་འགྲོ་ཡི་ཡོད་རེད། བསམ་བློའི་ཚོར་བ་དེ་དངོས་ཡོད་གནས་ཚུལ་ལ་བརྟེན་པ་ཞེ་དྲག་ཉུང་ཉུང་རེད། བྱས་ཙང་གོང་ཞུས་བཞིན་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་བྱའི་འགོ་ཚུགས་ས་དེ་རང་ལ་སེམས་ཚོར་གང་འདྲ་ཞིག་བྱུང་ཡང་སྔོན་ལ་དེར་ཞིབ་འཇུག་བྱེད་དགོས་ཟེར་བ་དེ་རེད། དེ་ལ་ཨིན་སྐད་ཐོག་ emotional mapping ཞེས་པའི་ཚིག་གཅིག་བཟོས་ཡོད་རེད། དེ་རེ་རེ་འབྱུང་སྐབས་དགེ་བཤེས་འབན་གུང་རྒྱལ་གྱིས་བྱས་པ་བཞིན་སོ་སོས་ས་ཁྲའི་བཟོ་ལྟ་བུ་ཞིག་བཟོས་ནས་ emotion འདི་འདྲ་འདི་འདྲ་ཞིག་སླེབས་བྱུང་། དེ་སླེབས་སྐབས་ཡང་དག་པ་ཡིན་མིན་སོ་སོའི་རྣམ་དཔྱོད་ཀྱི་ཐོག་ནས་བལྟ་རྒྱུར་སློབ་རྒྱུ་དེ་བཟང་སྤྱོད་སློབ་སྟོན་གྱི་འགོ་དང་པོ་དང་། ཀ་བ་ལྟ་བུ་དེ་རེད།

རང་གི་བསམ་བློར་རང་གིས་ཞིབ་འཇུག་བྱེད་རྒྱུའི་གཤིས་ཀ་བཟོ་དགོས་དོན་གང་རེད་ཅེ་ན། དཔེར་ན། མི་གཞན་ཞིག་ལ་ཁོང་ཁྲོ་ཤུགས་དྲག་སྐྱེ་སྐབས་ཁོང་ཁྲོ་ཟ་སའི་མི་དེར་སྐྱོན་མང་པོ་ཞིག་མཐོང་གི་ཡོད་རེད། སྐྱོན་དེ་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་མི་དེར་ཡོད་མེད་དང་། རང་ཉིད་ཁོང་ཁྲོ་ཟ་བའི་དབང་གིས་རང་གི་རྣམ་རྟོག་གིས་སྒྲོ་བཏགས་པ་ཞིག་ཡིན་མིན་དབྱེ་བ་འབྱེད་ཤེས་པ་ཡིན་ན་ཁོང་ཁྲོ་ཟ་དགོས་མིན་དབྱེ་བ་འབྱེད་ཐུབ་ཀྱི་ཡོད་རེད། ཆོས་ལུགས་ཀྱི་ཐོག་ནས་བཤད་པ་ཡིན་ན། ཁོང་ཁྲོ་ཟ་སྐབས་ཕ་རོལ་པོའི་སྐྱོན་ཐམས་ཅད་རྣམ་རྟོག་གིས་སྒྲོ་བཏགས་པ་རེད་ཅེས་བཤད་ཀྱི་ཡོད་རེད། དེ་རིང་སང་ཉིན་ཚན་རིག་པས་ག་རེ་ལབ་ཀྱི་ཡོད་རེད་ཅེ་ན། གཅིག་བྱས་ན་ཁྱེད་རང་ཚོས་༧སྐྱབས་མགོན་རིན་པོ་ཆེས་གསུང་ཆོས་སྐབས་བཀའ་སློབ་གནང་བ་གསན་ཡོད་ཤག ཨ་རིའི་སེམས་ཁམས་རིག་པའི་སྨན་པ་རྒས་འཁོགས་ད་ལྟ་དགུང་ལོ་དགུ་བཅུ་གོ་གྲངས་ལ་ཕེབས་པ་ཞིག་ཡོད་རེད། ཁོང་སྐུ་ཚེ་ཧྲིལ་པོ་སེམས་ཁམས་རིག་པའི་སྨན་པ་ psychological or psychic treatment གནང་མཁན་ཞིག་རེད། ཁོང་གིས་ལོ་བཞི་བཅུ་ལྔ་བཅུའི་རིང་སེམས་ཁམས་རིག་པའི་སྨན་བཅོས་ཀྱི་ཕྱག་ལས་གནང་བའི་ཚན་རིག་གི་ཉམས་མྱོང་གིས་བརྟག་དཔྱད་བྱས་པའི་བསྡོམས་དེར། མི་གཞན་ཞིག་ལ་ཁོང་ཁྲོ་ཟ་སྐབས་ཁོང་ཁྲོ་ཟ་ཡུལ་གྱི་མི་དེར་མཐོང་བའི་སྐྱོན་དེའི་ནང་ནས་བརྒྱ་ཆ་བརྒྱད་ཅུ་ལས་ལྷག་པ་ཞིག་ཁོང་ཁྲོ་ཟ་མཁན་མི་དེའི་རྣམ་རྟོག་གིས་སྒྲོ་བཏགས་པ་ཞིག་དང་། བརྒྱ་ཆ་ཉི་ཤུ་ལས་ཉུང་བ་ཞིག་མི་དེའི་དངོས་ཡོད་སྐྱོན་ཡོད་སྲིད་པ་ཞིག་རེད་འདུག་ཅེས་བརྗོད་ཡོད། དེ་ནི་ཆོས་ཀྱི་སྐད་ཆ་གང་ཡང་མ་རེད། དངོས་གནས་ནད་པ་དེར་བརྟག་དཔྱད་བྱས་པའི་ཐོག་ནས་བཤད་པ་རང་རེད། བྱས་ཙང་ཁོང་ཁྲོ་དེ་མཚོན་པ་ཙམ་དང་། འདོད་ཆགས་དང་། ཕྲག་དོག ང་རྒྱལ་སོགས་གང་འདྲ་ཞིག་ཡིན་ནའང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ negative emotion ཞིག་གིས་གང་མཐོང་བ་ཚང་མ་དངོས་ཡོད་གནས་སྟངས་ལ་མེད་པ་ཞིག་མང་བ་མཐོང་བ་དང་། དངོས་ཡོད་གནས་སྟངས་ལ་ཡོད་པ་ཞིག་ཉུང་བ་མཐོང་གི་ཡོད་པར་བརྟེན། རང་གི་སེམས་ལ་རང་གིས་བརྟག་དཔྱད་བྱས་པའི་ཐོག་ནས་སོ་སོར་སྣང་བ་དེ་སྣང་བ་ལྟར་དུ་གྲུབ་པ་ཞིག་དང་། སོ་སོར་སྣང་བ་དེ་རང་གིས་སྒྲོ་བཏགས་པ་ཞིག་མ་གཏོགས་སྣང་བ་ལྟར་དུ་མ་གྲུབ་ཅིག་རེད་འདུག་ཅེས་དེའི་དབྱེ་བ་ཆོད་ཤེས་པ་ཡིན་ན་ཧ་ལམ་བཟང་སྤྱོད་ངན་སྤྱོད་ཀྱི་ལམ་ཕྱོགས་ལྟ་བུ་དེ་བརྒྱ་ཆ་དྲུག་ཅུ་བདུན་ཅུ་ཞིག་གསལ་པོ་ཆགས་ཚར་བ་རེད། བྱས་ཙང་སྔོན་ལ་མིས་ལབ་པ་དང་རང་གིས་མཐོང་བ་ཙམ་ལ་ཆ་མ་བཞག་པར། སོ་སོས་མདོག་སྔོན་པོ་ཞིག་མཐོང་ཡང་ཁ་དོག་སྔོན་པོ་དེ་དངོས་སུ་གཞིའི་སྟེང་ལ་ཡོད་མེད་དང་། རང་གི་མིག་གིས་སྐྱོན་བྱས་པའམ་ཡང་ན་མིག་ཤེལ་གྱི་ཁ་དོག་སོགས་གང་གིས་འགྱུར་བ་ཕྱིན་མིན་བརྟག་དཔྱད་ emotional mapping བྱེད་ཤེས་མཁན་ཞིག་བྱུང་བ་ཡིན་ན་དེ་ནས་བཟུང་བཟང་སྤྱོད་ཀྱི་གཞི་རྩ་ལྟ་བུ་འགོ་འཛུགས་ཀྱི་ཡོད་རེད།

དེ་རྗེས་གོམ་པ་སྤོ་སྟངས་རིམ་པ་གསུམ་མམ་བཞི་ཡོད་པ་ལས་རིམ་པ་གསུམ་ལ་ཆ་བཞག་པ་ཡིན་ན། ངན་སྤྱོད་སྤངས་པའི་བཟང་སྤྱོད་དང་། ཡོན་ཏན་ཡར་རྒྱས་ཀྱི་བཟང་སྤྱོད། རབ་ཏུ་རྣམ་འབྱེད་ཀྱི་བཟང་སྤྱོད། བྱམས་བརྩེའི་བཟང་སྤྱོད་བཅས་རིམ་པ་བཞི་བྱས་ཏེ་འགྲོ་ཡི་ཡོད་རེད། ཆོས་སྐད་ནང་བཤད་པ་ཡིན་ན། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཅེས་ལབ་ཀྱི་རེད། དེ་དག་ཆོས་ལུགས་ལ་བརྟེན་ནས་སྐད་ཆ་བཤད་ཀྱི་ཡོད་མ་རེད། ད་ལྟ་ང་ཚོས་བཤད་པ་དེ་དངོས་ཡོད་གནས་ཚུལ་ཐོག་བྱེད་དུས་ ethics for restraint, ethics for virtues, ethics for discernment, ethics for compassion རིམ་པ་འདི་བཞི་རེད། བཟང་སྤྱོད་ཅེས་པ་སློབ་ཚན་ཟུར་དུ་བསླབ་རྒྱུ་མིན་པར་ཨང་རྩིས་དང་། ས་ཁྲ། སྤྱི་ཚོགས་ཚན་རིག དཔལ་འབྱོར་ཚན་རིག་སོགས་གང་འདྲ་ཞིག་བསླབས་ཀྱང་། དེ་ཚོ་ཚང་མའི་ནང་སློབ་ཚན་དེའི་མཉམ་དུ་ངན་སྤྱོད་སྤང་དགོས་པ་དང་། བཟང་སྤྱོད་སྤེལ་དགོས་པའི་གནས་སྟངས་ག་རེ་འདུག སྤང་བླང་དེ་གཉིས་ཀྱི་རྒྱབ་ཏུ་རྣམ་པར་འབྱེད་དགོས་པའི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་ལས་ཀ་བྱེད་དགོས་པ་ག་ཚོད་འདུག དེ་ཚོ་ཚང་མའི་ཐོག་མའི་འབྱུང་ཁུངས་དེ་བྱམས་བརྩེའི་སེམས་ལ་ཐུག་པས། བྱམས་བརྩེ་ཇི་ལྟར་གོང་སྤེལ་གཏོང་དགོས་མིན་བཅས་བང་སྒྲིག་སྟངས་དེ་འདྲ་ཞིག་རེད།

ཐོག་མར་ངན་སྤྱོད་སྤངས་པའི་བཟང་སྤྱོད་ནང་ག་རེ་དགོས་ཀྱི་ཡོད་རེད་ཅེ་ན། རང་གི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་གང་འདྲ་ཞིག་ཡིན་རུང་རང་ལས་གཞན་པའི་མི་ཞིག་ལ་དངོས་སམ་བརྒྱུད་དང་། ད་ལྟ་མ་གནོད་ཀྱང་མ་འོངས་པར་གནོད་པའི་རྒྱུ་རྐྱེན་ directly, indirectly or structurally violence ལྟ་བུ་བྱེད་ཀྱི་ཡོད་མེད་ལྟ་རྒྱུ་རེད། དེ་འདྲ་ཞིག་ཡོང་གི་ཡོད་ན་དེ་འདྲ་བའི་བྱ་བའི་གཞི་ལ་མ་ཞུགས་པ་དང་། ཞུགས་མི་དགོས་པའི་ཐབས་ཤེས་བྱེད་རྒྱུ། ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་གང་འདྲ་ཞིག་ཡིན་རུང་ཡིད་ཀྱི་སྤྱོད་ལམ་དེ་ཕྱི་ལ་མངོན་གསལ་དོད་པོ་ཡོད་མ་རེད། ཕྱི་ལ་མངོན་གསལ་དོད་པའི་ expression དེ་ངག་གི་ཚིག་ཐོག་གམ་ཡང་ན་ལུས་ཀྱི་བྱ་བའི་ཐོག་ནས་ཡོང་གི་ཡོད་རེད། གང་ལྟར་ལུས་ངག་གང་ཡང་རུང་བ་ཞིག་ནས་ཡོང་གི་ཡོད་རེད། དེ་ཡོང་སའི་བསམ་བློའི་འགྱུར་བག་དེའི་སྔོན་ལ། དཔེར་ན། སྐད་ཆ་ཚིག་བཟང་པོའམ་ངན་པ་ཞིག་ཁ་ནས་ཐོན་གྲབས་བྱེད་ཀྱི་འདུག་ན། ཁ་ནས་མ་ཐོན་གོང་དེ་འདྲ་བ་ལབ་དགོས་བསམ་པའི་ཀུན་སློང་དེ་ཡང་དག་པ་ཡིན་མིན་དབྱེ་བ་འབྱེད་ཐུབ་པ་ཞིག་དགོས་རེད། ལག་པས་མི་ཞིག་ལ་རྦུད་རྒྱག་གཏོང་བའམ། གཞུ་བ། རོགས་པ་བྱེད་རྒྱུ་སོགས་གང་ཞིག་ཡིན་ཡང་ལག་པས་བྱ་བ་དེ་མ་བྱེད་གོང་དེར་ཀུན་ནས་སློང་བྱེད་ཀྱི་བློ་དེ་བྱ་བ་དེར་ instigate བྱེད་མཁན། རྦུད་རྒྱག་གཏོང་མཁན་གྱི་བསམ་བློ་དེ་ཡང་དག་པ་ཞིག་ཡིན་མིན་སོགས་བརྟག་དཔྱད་བྱེད་རྒྱུའི་གོམས་གཤིས་སློབ་རྒྱུ་དེ་དང་པོ་རེད། གོམས་གཤིས་དེའི་ཐོག་ནས་ཡང་དག་པ་མ་ཡིན་པའི་བློ་ཞིག་གིས་ཀུན་ནས་བསླངས་ཏེ་བྱ་བ་ཞིག་བྱེད་ཀྱི་འདུག་ན། བྱ་བ་དེ་ལམ་སང་མ་བྱས་པར་བཀག་ནས་མི་བྱེད་རྒྱུ་གཙོ་དོན་བྱེད་དགོས། དེ་དང་ཆབས་ཅིག་མ་འོངས་པར་ཡང་དག་པ་མ་ཡིན་པའི་བློ་ཡི་ཚོར་བ་ཞིག་ཡང་ཡང་སྐྱེས་རུང་། དེ་འདྲ་བའི་ཡང་དག་པ་མ་ཡིན་པའི་བློ་ཡི་ཚོར་བ་དེ་ཡང་ཡང་མི་བྱེད་པའི་དོན་དུ་རང་ལ་བཟང་ཕྱོགས་ཀྱི་ཡོན་ཏན་གང་ཞིག་དགོས་པ་དེའི་ཐོག་བསམ་བློ་བཏང་ནས་སོ་སོར་ཡོང་བ་བྱེད་རྒྱུ་དང་། བཟང་ཕྱོགས་ཀྱི་ཡོན་ཏན་གྱིས་ཆེས་བསྡུས་པའི་བཟང་སྤྱོད་ ethics of virtues དེ་རང་རྒྱུད་ལ་སྨིན་ཐབས་བྱེད་དགོས། དེ་གཉིས་ཀ་ཇི་ལྟར་མཉམ་དུ་འགྲོ་ཡི་རེད་ཅེས་ལབ་པ་ཡིན་ན། བྱ་བ་མ་ཡིན་པ་སྤོང་བའི་བློ་ཞིག་སྐྱེས་ནས་མི་ཞིག་ལ་ཚིག་ངན་ཞིག་ལབ་གྲབས་ཡོད་ན། ཚིག་ངན་དེ་ལབ་རྒྱུ་མི་འདུག་སྙམ་པའི་བློ་སྐྱེ་དུས་ལམ་སང་ཚིག་ངན་དེ་མ་ལབ་པ་ཡོང་གི་རེད་དེ། མ་འོངས་པར་ཚིག་ངན་དེ་འདྲ་མ་ལབ་རྒྱུའི་ངེས་པ་རྙེད་པ་ཞིག་ཇི་ལྟར་ཡོང་གི་རེད་ཅེ་ན། ད་ལྟ་ཚིག་ངན་ལབ་རྒྱུའི་འདོད་པ་ཡོང་བའི་བློ་དེ་ཇི་ལྟར་སྐྱེས་འདུག བློ་དེའི་དམིགས་ཡུལ་དང་རྐྱེན་གང་འདྲ་ཞིག་འདུག རྐྱེན་དེ་ལ་བརྟེན་ནས་ཇི་ལྟར་བློ་དེ་ཆགས་འདུག མ་འོངས་པར་བློ་དེ་མི་སྐྱེ་བའི་དོན་དུ་རང་གི་བསམ་བློའི་ནང་ཡོན་ཏན་གང་ཞིག་བསྒྲུབ་དགོས་ཀྱི་འདུག་ཅེས་ལྟ་སྐབས་ ethics of virtues ཚུར་ཡོང་རྒྱུ་རེད། དེ་གཉིས་ཀ་ཡོང་རྒྱུའི་གཞི་རྩ་ལྟ་བུར་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་དགོས་ཀྱི་ཡོད་རེད། བྱས་ཙང་ Power of Discrimination, Ethics of Discrimination ཞེས་པ་སོགས་གང་འདྲ་ཞིག་ཡིན་རུང་ཡང་དག་པ་ཞིག་ཡིན་མིན་དང་། བྱ་བར་འོས་མིན་སོགས་སོ་སོས་བརྟག་དཔྱད་བྱེད་རྒྱུར་རྣམ་དཔྱོད་བཟང་པོ་དང་། ཕྱོགས་སུ་མ་ལྷུང་བ། བློ་གཟུ་བོར་གནས་པ་དགོས་ཞེས་གལ་གནད་ཆེན་པོ་ཡིན་ཟེར་བ་དེ་རེད། བློ་གཟུ་བོར་གནས་པ་ཞིག་མེད་པའམ། དང་པོ་ནས་ཕྱོགས་གཅིག་ཏུ་ལྷུང་བ་ཞིག་ཡིན་ན་བརྟག་དཔྱད་བྱེད་རྒྱུ་གང་ཡང་ཡོད་མ་རེད། དེ་ནི་སྲིད་དོན་པའི་ཤོག་ཁག་གི་བྱེད་སྟངས་དང་གཅིག་པ་ཆགས་ཀྱི་རེད། དཔེར་ན། སྲིད་དོན་གྱི་ཤོག་ཁག་མང་པོ་ཡོད་པའི་ལམ་སྲོལ་གྱི་རྒྱལ་ཁབ་འཛིན་མཁན་ལྟ་བུ་ཡིན་ན། གྲོས་ཚོགས་ནང་སྲིད་དོན་གྱི་ཤོག་ཁག་སོ་སོའི་གྲོས་ཚོགས་ཀྱི་ཚོགས་མི་ག་ཚོད་ཡོད་ཀྱང་སྲིད་དོན་གྱི་ཤོག་ཁག་དེའི་ལངས་ཕྱོགས་རང་དང་མཐུན་པ་ཞིག་ལབ་རྒྱུ་མ་གཏོགས། སོ་སོའི་བསམ་བློའི་ནང་དེ་འགྲིག་མ་སོང་དྲན་ཡང་ཁ་ནས་ལབ་མ་ཐུབ་པ་ཆགས་ཀྱི་ཡོད་པ་དེར་ཕྱོགས་སུ་ལྷུང་བ་ཟེར། ཕྱོགས་སུ་མ་ལྷུང་བ་ཟེར་བ་ནི། རང་གི་བསམ་བློའམ་རང་དང་བློ་ཐག་ཉེ་བའི་མི་ཞིག་གི་བསམ་ཚུལ་དང་། རང་དང་འགལ་ཟླ་ཡོད་པའི་མི་ཞིག་གི་བྱེད་ཚུལ་སོགས་གང་འདྲ་ཞིག་ཡིན་རུང་། ཚང་མར་ཕྱོགས་འཐེན་མ་བྱས་པར་དྲང་པོ་དྲང་བཞག་གམ་དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་འོས་པ་དང་མ་འོས་པ་གང་ཡིན་བརྟག་དཔྱད་བྱེད་ཐུབ་པའི་བློ་གཟུ་བོར་གནས་པ་དེ་འདྲ་ཞིག་དགོས་པ་རེད། Ethics of restraint, Ethics of virtues and Ethics of discrimination དེ་གསུམ་པོ་བྱུང་བ་ཡིན་ན། ཕལ་ཆེར་གང་ཟག་དེའི་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་མང་ཆེ་བའམ་བརྒྱ་ཆ་བརྒྱད་ཅུ་དགུ་བཅུ་ཞིག་ཡང་དག་པའི་ཕྱོགས་ལ་འགྲོ་ཐུབ་པའི་རེ་བ་བྱེད་རྒྱུ་ཡོད་རེད།

ད་དུང་དེའི་སྒང་ལ་བརྒྱ་ཆ་བརྒྱ་ཐམ་པ་ཡང་དག་པའི་ཕྱོགས་ལ་འགྲོ་ཐུབ་པའི་གཞི་རྩ་ལྟ་བུ་དེ་ག་ནས་ཡོང་གི་ཡོད་རེད་ཅེ་ན། རྣམ་འབྱེད་ཀྱི་ཤེས་རབ་ལའང་སྙིང་རྗེའི་རྒྱབ་ཀྱིས་མ་ཕྱོགས་པའམ། བྱམས་པ་དང་བརྩེ་བའི་རྒྱབ་ཀྱིས་མ་ཕྱོགས་པ་ཡིན་ན། རྣམ་འབྱེད་ཀྱི་ཤེས་རབ་གཅིག་ཡིན་ཡང་ལམ་སང་སེམས་ཀྱི་ཚོར་བའི་རྗེས་སུ་མ་འགྲོ་བའི་ཉེན་ཁ་ཡོད་པས། སེམས་ཚོར་གྱི་ཐོག་ནས་རང་ལས་གཞན་པའི་སྲོག་ཆགས་གྲོག་མ་དང་དུག་སྦྲང་སོགས་གང་ཞིག་ཡིན་ཡང་རང་བཞིན་གྱིས་བྱམས་བརྩེའི་བློ་ཞིག་ཡོད་ན། དེས་དྲངས་པའི་སྲོག་ཆགས་གཞན་དང་འབྲེལ་བ་བྱེད་སྟངས་དེ་འཚེ་བ་མེད་པ་དང་། མི་གནོད་པ་ཞིག་བྱེད་རྒྱུའི་ཐབས་ལམ་དེ་རང་ཤུགས་ཀྱིས་ཡོང་གི་རེད། ད་ལྟ་ང་ཚོའི་བསམ་བློའི་ནང་ཞེ་སྡང་དང་ཕྲག་དོག་གི་གཞི་རྩ་ཡོད་པའི་དབང་གིས་མི་གཞན་ཞིག་གིས་ཡག་པོ་ཞིག་བྱེད་ཀྱི་འདུག་ན། རྗེས་སུ་ཡི་རང་བྱེད་རྒྱུའི་ཚབ་ཏུ་ལམ་སང་ཕྲག་དོག་བྱེད་ཀྱི་ཡོད་རེད། དེ་བཞིན་མི་གཞན་ཞིག་གིས་སྡུག་པ་ཞིག་བྱེད་ཀྱི་འདུག་ན། ཁོ་ལ་བྱམས་བརྩེ་བྱེད་རྒྱུའི་ཚབ་ཏུ་ཞེ་སྡང་དང་ཁོང་ཁྲོ་བྱེད་ཀྱི་ཡོད་རེད། གཞན་དག་ཕར་བཞག་ནས་དགེ་རྒན་ཚོས་ཀྱང་ཕྲུ་གུ་སྤྱོད་ངན་ཞིག་ཡོད་ན། དེ་ལ་སྙིང་རྗེ་སྐྱེ་རྒྱུའི་ཚབ་ཏུ་ཁོང་ཁྲོ་སྐྱེས་ནས་གཞུ་རྒྱུ་དང་བཀའ་བཀྱོན་གནང་རྒྱུ་དེ་ཚོ་རང་བཞིན་གྱིས་ཡོང་གི་ཡོད་རེད། ཐུབ་པས་ཉོན་མོངས་དགྲར་གཟིགས་ཀྱིས། །ཉོན་མོངས་དང་འབྲེལ་གང་ཟག་མིན། །ཞེས་གསུངས་པ་བཞིན་ང་ཚོའི་ཆོས་ཀྱི་ཐོག་ནས་བཤད་པ་ཡིན་ན། ཉོན་མོངས་ལ་དགྲ་ལྟ་བུར་བལྟས་ཀྱང་ཉོན་མོངས་ཅན་གྱི་གང་ཟག་དེ་སྙིང་རྗེའི་ཡུལ་རེད་མ་གཏོགས་དགྲར་བལྟ་རྒྱུ་ཡོད་མ་རེད་ཅེས་དང་། དེ་བཞིན་བདག་ཉིད་ཆེན་པོ་གཱནྡྷཱིས་བདེན་པའི་ཨུ་ཚུགས་སྐབས། བྱ་བ་དང་བྱེད་པ་པོ་གཉིས་དབྱེ་བ་འབྱེད་དགོས་ཞེས་གསུངས་པ་དེ་སངས་རྒྱས་ཀྱིས་གསུངས་པ་དང་གཅིག་པ་གཅིག་རྐྱང་རེད། གཱནྡྷཱིས་ཆོས་ཀྱི་སྐད་ཆ་མ་ཡིན་པར་ཆབ་སྲིད་ཀྱི་སྐད་ཆ་བཤད་ཀྱི་ཡོད་རེད། སངས་རྒྱས་ཀྱིས་ཆོས་ཀྱི་བཀའ་མོལ་གནང་གི་ཡོད་རེད། བྱས་ཙང་ཆོས་ལུགས་ལ་མ་བརྟེན་པའི་གནས་སྟངས་ཤིག་གི་ཐོག་ནས་བལྟས་ཀྱང་བྱ་བ་མ་རུང་བ་བྱེད་མཁན་གྱི་གང་ཟག་དེ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་རང་དང་གཅིག་པ་རེད། ཁོས་མི་ཤེས་པ་དང་བག་མེད་པའི་དབང་གིས་བྱ་བ་མ་རུང་བ་བྱེད་ཀྱི་ཡོད་རེད། ཁོའི་བསམ་བློའི་ནང་ཡང་དག་པ་མ་ཡིན་པའི་སེམས་ཚོར་ negative emotion ཞིག་ཡོད་ཙང་། དེ་འདྲ་བའི་ཡང་དག་པ་མ་ཡིན་པའི་སེམས་ཚོར་དེ་ཁོའི་བསམ་བློའི་ནང་ power of discrimination དང་། rationality ཡག་པོ་མེད་ཙང་ཡོང་གི་ཡོད་རེད། དེར་བརྟེན་མི་དེར་སྙིང་རྗེ་སྐྱེ་དགོས་པ་དང་། མི་དེའི་བྱ་བར་དགག་པ་རྒྱག་དགོས་པའམ་ངོ་རྒོལ་བྱེད་དགོས་པ་ཞིག་རེད། བྱ་བ་དེར་ངོ་རྒོལ་བྱེད་སྐབས་བྱེད་པ་པོ་དེར་བརྩེ་བ་དགོས་ཀྱི་ཡོད་རེད། དེ་ལྟར་བྱ་བ་དང་བྱེད་པ་པོ་དབྱེ་བ་འབྱེད་ཤེས་པ་ཞིག་བྱུང་བ་ཡིན་ན་འགྲོ་བ་མིའི་བཟང་སྤྱོད་ཀྱི་འབྲེལ་བ་དེ་བྱམས་བརྩེ་དང་ལྡན་པའི་འབྲེལ་བ་ཡང་དག་པ་ཞིག་ཡོང་གི་རེད། བྱམས་བརྩེ་དང་ལྡན་པའི་འབྲེལ་བ་ཡང་དག་པ་ཡོང་དུས་མ་འོས་པའི་བྱ་བ་ངན་པ་ཞིག་ལ་རྒྱབ་སྐྱོར་མ་བྱེད་པར་འགོག་རྐྱེན་བཟོ་རྒྱུ་དང་། ངོ་རྒོལ་བྱེད་རྒྱུ་ཡོད་པ། དེ་དང་ཆབས་ཅིག་བྱ་བ་ངན་པ་བྱེད་མཁན་གྱི་བྱེད་པ་པོའི་བསམ་བློ་བསྒྱུར་བཅོས་གཏོང་རྒྱུ། བདག་ཉིད་ཆེན་པོ་གཱནྡྷཱིས་སྙིང་བརྗེ་པོ་རྒྱག་རྒྱུ་ (to change of heart) ཞེས་གསུང་གི་ཡོད་རེད། ཁོ་པའི་བསམ་བློ་དེར་བརྗེ་པོ་རྒྱག་རྒྱུའི་ཐབས་ཤེས་ཐུབ་པ་ཡིན་ན། དེ་འདྲ་བའི་ངན་སྤྱོད་བྱེད་མཁན་དེ་མ་འོངས་པར་ངན་སྤྱོད་མ་བྱེད་རྒྱུའི་ངེས་པ་རྙེད་པ་ཞིག་ཆགས་པ་རེད། དེ་མ་གཏོགས་ངན་སྤྱོད་བྱེད་མཁན་དེར་སྡང་བའི་ཡུལ་ཞིག་དང་གནོད་པ་བྱེད་པའི་ཡུལ་ཞིག་བྱས་པ་ཡིན་ན། ཁོའི་ངན་སྤྱོད་དེ་མང་དུ་འགྲོ་ཡི་རེད་མ་གཏོགས་ཉུང་དུ་མི་འགྲོ་བར་རང་གཞན་གཉིས་ཀར་ཕན་མ་ཐོགས་པ་ཆགས་ཀྱི་རེད། གཞི་རྩ་བྱམས་བརྩེའི་སེམས་དེ་དགོས་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད་ཙང་། མཐའ་མ་དེར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་དངོས་ཡོད་གནས་ཚུལ་བསྡོམས་བརྒྱབ་པ་ཡིན་ན། ཉེས་པ་ལས་ལྡོག་པ་དང་། ཡོན་ཏན་བསགས་པ། རྣམ་པར་འབྱེད་པའི་ཤེས་རབ། བྱམས་བརྩེ་བཅས་ཡིན་པ་རེད།

དེ་སྦྱོང་བརྡར་བྱེད་སྐབས་ཐབས་ལམ་མང་དག་ཅིག་བསྟེན་དགོས་པ་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། དེ་ནི་རང་རང་སོ་སོའི་གནས་སྐབས་དང་བསྟུན་ནས་སློབ་སྦྱོང་བྱེད་རྒྱུ་རེད། དཔེར་ན། རྒྱ་གར་དང་། ཨ་རི་སོགས་གང་ཞིག་ཡིན་ཡང་ས་ཁུལ་དེའི་སྤྱི་ཚོགས་ཀྱི་གནས་སྟངས་དང་མཐུན་པའི་སྒོ་ནས་ཐབས་ལམ་མང་པོ་ཞིག་བཙལ་ཏེ་ང་ཚོས་སློབ་ཚན་རྣམས་སྒྲིག་གི་ཡོད་རེད། འོན་ཀྱང་བསྡོམས་བརྒྱབ་སྟེ་ཞུས་པ་ཡིན་ན་ཡག་པོ་བྱེད་མཁན་ལ་བྱ་དགའ་སྤྲོད་རྒྱུ་དང་། སྡུག་ཆགས་བྱེད་མཁན་ལ་ཉེས་པ་གཏོང་བ་ (reward and punishment) སོགས་བྱས་པ་ཡིན་ན་བཟང་སྤྱོད་ཡར་རྒྱས་འགྲོ་རྒྱུར་ཕན་ཐོགས་གང་ཡང་མེད་པས་ཐབས་ལམ་དེ་ནི་མི་འོས་པ་ཞིག་རེད། ཆོས་ཀྱི་ཐོག་ནས་བཤད་ཀྱང་འཇིགས་སྐྱོབ་ཀྱི་ཚུལ་ཁྲིམས་དང་ལེགས་སྨོན་གྱི་ཚུལ་ཁྲིམས་དེ་ང་ཚོ་དཔེ་ཆ་བ་ཚོས་ངེས་པར་འབྱུང་བའི་ཚུལ་ཁྲིམས་མ་རེད་ཅེས་ལབ་ཀྱི་རེད། ཞེད་སྣང་བྱས་ཏེ་སྡོམ་པ་སྲུང་མཁན་ཞིག་ཡིན་ན་འཇིགས་སྐྱོབ་ཀྱི་ཚུལ་ཁྲིམས་ཞེས་པ་ཆགས་པ་དང་། འདོད་རྔམ་བྱས་ནས་སྡོམ་པ་སྲུང་མཁན་ཡིན་ན་ལེགས་སྨོན་གྱི་ཚུལ་ཁྲིམས་ཞེས་པ་ཆགས་ཀྱི་ཡོད་པས། ངེས་པར་འབྱུང་བའི་ཚུལ་ཁྲིམས་ངོ་མ་དེ་ཞེད་སྣང་དང་འདོད་རྔམ་གང་ཡང་མེད་པ་ཞིག་རེད། བཟང་སྤྱོད་དེ་བཟང་སྤྱོད་དུ་མ་བརྩིས་པར་ལུང་པ་ཚང་མའི་ནང་མི་གསད་མི་ཆོག་པ་དང་། རྐུན་མ་བརྐུ་མི་ཆོག་པ། ཇག་པ་བརྒྱབ་མི་ཆོག་པ། ལོག་གཡེམ་བྱ་མི་ཆོག་པ་སོགས་ཀྱི་ཁྲིམས་ཡོད་པ་དེ་ཚོ་བཟང་སྤྱོད་སྲུང་སྐྱོབ་བྱེད་རྒྱུའི་ཆེད་དུ་ཡིན་པ་རེད། བྱ་སྤྱོད་དེ་ཚོ་བྱེད་མཁན་གྱི་མི་དེའི་བསམ་བློ་བསྒྱུར་བཅོས་གཏོང་རྒྱུའི་ཐབས་ལམ་གཅིག་ཀྱང་མ་བྱས་པར་མི་དེ་བཙོན་ཁང་ནང་བཅུག་ནས་ཉེས་པ་གཏོང་གི་ཡོད་རེད། སྲོག་གཅོད་བྱེད་མཁན་ལྟ་བུ་ཡིན་ན་སྲོག་ལན་སྲོག་གིས་བླངས་ནས་སྐེ་བཀག་ནས་གསོད་རྒྱུ་དང་། གློག་གི་རྐུབ་སྟེགས་སྒང་ལ་བཞག་ནས་གསོད་པ་ capital punishment སོགས་ཀྱི་ཉེས་ཆད་དེ་ཚོ་ད་ལྟའང་ལུང་པ་མང་པོའི་ནང་ཡོད་རེད། དེ་ལྟར་བྱས་པ་དེས་སྤྱོད་ངན་བྱེད་མཁན་རྣམས་ལ་ཞེད་སྣང་བསྐུལ་བ་ལྟ་བུ་མ་གཏོགས་ཚེ་འདི་ཕྱི་གཉིས་ཀར་ཕན་ཐོགས་གང་ཡང་བྱུང་མེད་པས་ཞེད་སྣང་བསྐུལ་ནས་འགོག་ཐུབ་ཀྱི་ཡོད་མ་རེད། དེ་བཞིན་ཡག་པོ་བྱེད་མཁན་ཚོར་རྒྱ་གར་ལྟ་བུ་ཡིན་ན་ Padmashree དང་ Padma Bhushan ལ་སོགས་པའི་གཟེངས་བསྟོད་གནང་གི་ཡོད་རེད། དེ་ལ་བརྟེན་ནས་མིའི་བསམ་བློའི་ནང་འདོད་རྔམ་ཡོང་རྒྱུ་ཞིག་མ་གཏོགས་གཞན་གང་ཡང་མེད་པ་རེད། བྱས་ཙང་དེ་གཉིས་ཀ་བཞག་ནས་འདོད་རྔམ་དང་འཇིགས་སྣང་གི་ཐོག་ནས་བཟང་སྤྱོད་ལ་འགྲོ་རྒྱུའི་ཐབས་ལམ་གྱི་ཚབ་ཏུ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བེད་སྤྱོད་བྱེད་དགོས། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཟེར་བ་དེ་ཡོངས་གྲགས་མིན་པ་ལྟ་བུ་ཆགས་ན། དངོས་ཡོད་ཀྱི་གནས་ཚུལ་གང་ཞིག་ཡིན་མིན་ཡག་པོ་ལྟ་ཐུབ་པའམ་དབྱེ་འབྱེད་ཐུབ་པ་དང་། a mind of discriminative རང་ཉིད་ལ་རང་ཆས་སུ་ཡོད་པའི་བྱམས་བརྩེའི་བསམ་བློ་ཡར་རྒྱས་བཏང་ནས་འགྲོ་ཐབས་བྱས་པ་མ་གཏོགས། དེའི་ཐབས་ལམ་ལ་བརྟེན་ནས་གོང་དུ་ཞུས་པའི་བཟང་སྤྱོད་ཀྱི་རིམ་པ་བཞི་པོ་དེ་དག་སློབ་ཕྲུག་ཚོའི་རྒྱུད་ལ་ཟུར་དུ་སློབ་ཚན་ཞིག་གི་ངོ་བོར་ཡོང་གི་མ་རེད་དེ། སློབ་ཚན་ལས་གཞན་པའི་རྩེད་མོ་དང་སློབ་གྲྭའི་ནང་གི་སྤྲོ་སྐྱིད་ལ་སོགས་པའི་ཆེད་དུ་བྱ་རྒྱུའི་བྱ་བ་སོགས་གང་འདྲ་ཞིག་ཡིན་ཡང་ཚང་མའི་ནང་གཞི་རིམ་གྱི་བསམ་ཚུལ་དེ་ཚོ་ཚུད་པར་བྱས་ནས་སློབ་སྦྱོང་སྤྲོད་རྒྱུ་དེ་རེད།

ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་སྦྱོང་སྤྲོད་སྟངས་ཀྱི་གལ་གནད་ཆེ་ཤོས་དེ་ཡང་དགེ་རྒན་དང་དགེ་ཕྲུག་གཉིས་ཀས་མཉམ་དུ་ཞིབ་འཇུག་དང་སློབ་སྦྱོང་བྱེད་རྒྱུ་དེ་རེད། དགེ་རྒན་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཡང་དག་པ་ཞིག་རང་གི་བསམ་བློའི་ནང་སྨིན་མེད་པ་ཡིན་ན། དགེ་ཕྲུག་ལ་སློབ་རྒྱུ་གང་ཡང་མེད་པར་བུམ་པ་སྟོང་པ་ཞིག་ནས་བུམ་པ་གཞན་ལ་ཆུ་བླུག་རྒྱུ་གང་ཡང་མེད་པ་ལྟ་བུ་རེད། སྔོན་ལ་དགེ་རྒན་གྱིས་མི་ཚེའི་ནང་ལག་ལེན་དུ་བསྟར་ནས་རང་ཉིད་བཟང་སྤྱོད་དང་ལྡན་པ་བྱས། དེ་རྗེས་སློབ་ཕྲུག་ལ་བཟང་སྤྱོད་དེ་བཀའ་བཏང་བའམ་སློབ་པའི་བཟོ་འདྲ་མིན་པར། དངོས་སུ་རང་གི་མི་ཚེའི་བྱ་བའི་ནང་མཉམ་ཞུགས་བྱས་ནས་སློབ་སྦྱོང་ཞིག་ཡིན་ནའང་ Krishnamurti ཡིས་གསུངས་པ་བཞིན་དྲི་བ་དང་། ཞིབ་འཇུག་སོགས་གང་ཞིག་ཡིན་རུང་དགེ་རྒན་གྱིས་མང་བ་དང་དགེ་ཕྲུག་གིས་ཉུང་བ་ཤེས་ཀྱི་ཡོད་ཀྱང་། དགེ་རྒན་གྱིས་དགེ་ཕྲུག་གི་གནས་ཚད་ལ་མར་བབས་ནས་ང་གཉིས་འདིའི་ཐོག་མཉམ་དུ་ཞིབ་འཇུག་ (collective inquiry or joint inquiry) བྱ་ཡི་ཡིན་ད་ཞེས་གསུང་དགོས། རིམ་པས་བགྲོ་གླེང་དང་ཞིབ་འཇུག་མཉམ་དུ་བྱེད་སྐབས་དགེ་རྒན་དེ་རྫ་མཁན་ལྟ་བུ་མིན་པར་ལྡུམ་ར་བ་ལྟ་བུ་བྱས་ཏེ། དགེ་ཕྲུག་ལ་མཐུན་འགྱུར་དང་རོགས་པ་བྱེད་རྒྱུ་གལ་ཆེན་པོ་ཞེ་དྲག་རེད།

དེ་རིང་སང་ཉིན་ཡོད་མེད་མི་ཤེས་ཀྱང་སྔོན་མ་རྒྱ་གར་གྱི་དགེ་རྒན་འོས་སྦྱོང་བྱེད་སྐབས་དགེ་རྒན་དེ་རྫ་མཁན་ལྟ་བུ་རེད་ཅེས་ལབ་ཀྱི་ཡོད་པ་དེ་ནི་ཁག་ཡོད་མ་རེད། དེ་རིང་སང་ཉིན་གྱི་སྤྱི་ཚོགས་གནས་སྟངས་ནང་ཕྲུ་གུ་དེ་ཚོ་ཐོན་སྐྱེད་ཀྱི་རྒྱུ་ཆ་ (raw material and resource) ཞིག་ལ་བསམ་བློ་གཏོང་གི་ཡོད་རེད། སྔོན་མ་ཡིན་ན་རྒྱ་གར་གྱི་ཤེས་ཡོན་བློན་ཆེན་གྱི་ལྷན་ཚོགས་དེར་ཤེས་རིག་ལས་ཁུངས་ Ministry of Education ཞེས་ལབ་ཀྱི་ཡོད་ཀྱང་། དེ་རིང་ཁ་སང་ Ministry of Human Resource Development ཅེས་ལབ་ཀྱི་ཡོད་རེད། human དེ་ཚོ་ resource རེད། resource ཟེར་དུས་ཐོན་སྐྱེད་བཟོ་རྒྱུའི་རྒྱུ་ཆ་རགས་པ་ (raw material) དང་། དེ་ process བྱས་ནས་འདོན་དུས་ག་རེ་དགོས་རེད་ཅེ་ན། ཇར་མན་གྱི་ཚོང་སྡེ་ Multinational company དེ་ཚོས་སློབ་གྲྭ་ཐོན་པའི་ཕྲུ་གུ་དེ་ཚོ་ཁྲོམ་ར་ཞིག་ལ་ལམ་སང་འཚོང་ཐུབ་ཀྱི་རེད། བྱས་ཙང་བསམ་ཚུལ་དེས་བཟང་སྤྱོད་ཅེས་པའི་སྐད་ཆ་རྩ་བ་ཉིད་ནས་ལྷག་གི་ཡོད་མ་རེད། དགེ་རྒན་དང་འཛིན་སྐྱོང་གང་འདྲ་ཞིག་ཡིན་ཡང་སློབ་ཕྲུག་དེ་ཐོན་སྐྱེད་བྱ་རྒྱུའི་དངོས་པོ་རགས་པ་ཞིག་ལ་བསམ་བློ་བཏང་བ་ཡིན་ན། སློབ་ཕྲུག་དེའི་གཞི་རིམ་གྱི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་བའམ་མི་ལ་མ་བརྩིས་པ་ལྟ་བུ་དེ་ནི། དེ་རིང་སང་ཉིན་དེང་རབས་ཀྱི་ཤེས་ཡོན་གྱི་ཞན་ཆ་ཆེ་ཤོས་ཤིག་རེད། བསམ་བློ་གཏོང་སྟངས་དེ་ནི་རྫ་མཁན་གྱིས་འདམ་བག་གིས་མཆོད་མེ་ཆུང་ཆུང་དང་། རྫ་མ་ཆེན་པོ། མེ་ཏོག་ཁོག་མ་སོགས་གང་འདྲ་ཞིག་བཟོས་ཀྱང་རྫ་མཁན་གྱི་ལག་པར་ཡོད་རེད་མ་གཏོགས། འདམ་གྱི་ལག་ཏུ་མེད་པ་ལྟ་བུ་རེད། ང་ཚོས་ཆོས་ལུགས་ལ་མ་བརྟེན་པ་ཡིན་ནའང་དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་དགེ་རྒན་དང་དགེ་ཕྲུག་གི་འབྲེལ་བ་ནི་དགེ་ཕྲུག་དེ་སོན་ལྟ་བུ་ཞིག་ཡིན་པ་རེད། མེ་ཏོག་གམ་ཤིང་ཏོག་གི་སོན་ལྟ་བུ་ཡིན་ན། སོན་དེར་ནུས་པ་གང་འདྲ་ཞིག་ཡོད་ཀྱང་དེ་བཞིན་སྐྱེ་བ་ལས་ནུས་པ་མེད་པ་ཞིག་སྐྱེ་རྒྱུ་ཡོད་མ་རེད། འབྲས་ཀྱི་སོན་ཞིག་བཏབ་ནས་གྲོ་སྐྱེ་རྒྱུ་དང་། གྲོ་ཡི་སོན་ཞིག་བཏབ་ནས་འབྲས་སྐྱེ་རྒྱུ། སྲན་མའི་སོན་ཞིག་བཏབ་ནས་སྟར་ཁ་སྐྱེ་རྒྱུ་སོགས་ཡོད་མ་རེད། སོན་གང་འདྲ་ཞིག་ཡོད་པ་དེ་དགེ་ཕྲུག་དེའི་རང་གཤིས་དེ་རེད། རང་གཤིས་དེའི་སོན་དེར་དགེ་རྒན་གྱིས་ལྡུམ་ར་བ་ལྟ་བུ་བྱས་ཏེ་སོན་ཁ་ཤས་ལ་ཆུ་མང་པོ་དང་། ཁ་ཤས་ལ་ཉུང་ཉུང་། ཁ་ཤས་ལ་ཉི་མ་མང་པོ། ཁ་ཤས་ལ་གྲིབ་ནག་དགོས་པ་སོགས་ལུད་དང་། ཆུ། ཉི་མ་ཇི་ཙམ་དགོས་མིན་ཤེས་པའི་སྒོ་ནས་མཉམ་དུ་རོགས་པ་བྱས་ཏེ་འགྲོ་ཐབས་བྱེད་སྟངས་དེ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སྦྱོང་བརྡར་སྤྲོད་སྟངས་ཀྱི་ཐབས་ལམ་ཞིག་རེད། གཟེངས་བསྟོད་དང་ཉེས་པའི་ཐབས་ལམ་བེད་སྤྱོད་མ་བཏང་བར་རང་རང་སོ་སོའི་སེམས་ཀྱི་རྗེས་དཔག་དེ་རྒྱུ་མཚན་དང་ལྡན་པའི་ཐོག་ནས་བཟོ་བཅོས་གཏོང་ཐབས་ལ་ཕྱིན་པ་ཡིན་ན། ད་ལྟ་གོང་དུ་ཞུས་པ་བཞིན་དགེ་རྒན་གྱིས་གནས་ཚུལ་རྟོགས་ཟིན་ཀྱང་བསྐྱར་དུ་དགེ་ཕྲུག་དང་མཉམ་དུ་ཞིབ་འཇུག་བྱས་ཏེ་མཉམ་དུ་གསར་དུ་རྟོགས་པའི་བཟོ་ལྟ་བུ་བྱེད་ཐུབ་པ་ཡིན་ན། དགེ་རྒན་དང་དགེ་ཕྲུག་གཉིས་ཀྱི་ཕན་ཚུན་མཐུན་འགྱུར་དང་རོགས་རམ་བྱེད་སྟངས་དེ་ཚད་དང་ལྡན་པ་ཞིག་ཡོང་གི་ཡོད་པ་འདྲ།

འདི་རྗེས་དྲི་བ་དྲིས་ལན་གྱི་དུས་ཚོད་ཕྲན་བུ་ཞིག་དགོས་ཙང་ངས་མཚམས་བཞག་ནས་ཁྱེད་རང་ཚོར་བཀའ་འདྲི་གནང་རྒྱུ་ག་རེ་ཡོད་ཀྱང་འཛེམས་ཟོན་མེད་པར་གནང་རོགས་གནང་། ཚང་མས་ཐུགས་སྣང་ཆེན་པོས་གསན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དྲི་བ། རིན་པོ་ཆེ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་བཏང་བའི་ཐོག ང་ལྟ་བུའི་སློབ་ཕྲུག་གི་རང་གཤིས་ལ་བཟང་སྤྱོད་ཅེས་པ་ཇི་ལྟར་འཛུགས་དགོས་པའི་ཐོག་ལ་རིན་པོ་ཆེ་མཆོག་གིས་བཀའ་སློབ་ལམ་སྟོན་གནང་རོགས་ཞུ་རྒྱུ་ཡིན།

ལན། དྲི་བ་དེ་གནད་འགག་ཆེན་པོ་རེད། དེ་སྐོར་ད་གིན་ངས་སྤྱིར་བཏང་གནས་ཚུལ་ཞུ་སྐབས་འབྲེལ་བ་ཡོད་པ་ཁ་ཤས་ཞུས་པ་ཡིན། དང་པོ་དེར་མཁྱེན་དགོས་པ་ཞིག་ལ། སློབ་ཕྲུག་རང་རང་སོ་སོའི་རང་གཤིས་དེ་བཟང་སྤྱོད་དང་ལྡན་པ་ཞིག་རེད་མ་གཏོགས། ངན་སྤྱོད་ཅན་གྱི་གཤིས་ཀ་ཡོད་པའི་སློབ་ཕྲུག་གཅིག་ཀྱང་ཡོད་མ་རེད། གཤིས་ཀའམ་དངོས་ཡོད་རང་བཞིན་གྱི་གནས་སྟངས་དེ་ངོ་མ་ཤེས་པ་ཡིན་ན་བཟང་སྤྱོད་ཅེས་ཕྱི་ནས་ཁྱེར་ཏེ་ཁ་སྣོན་རྒྱག་དགོས་པ་ཞིག་མ་གཏོགས། སློབ་ཕྲུག་རང་རང་སོ་སོའི་སེམས་རྒྱུད་ནང་བཟང་སྤྱོད་ཀྱི་ས་བོན་དེས་འདང་བ་ཞིག་ཡོད་མ་རེད་བསམ་པའི་ཚོར་བ་ཞིག་བྱུང་བ་ཡིན་ན་དེ་ནི་ལེ་ལོའི་ཆ་ཤས་ཤིག་རེད། ལེ་ལོ་མི་འདྲ་བ་གསུམ་ཡོད་པའི་ནང་ནས་ཉེན་ཁ་ཆེ་ཤོས་དེ་བདག་ཉིད་ལ་བརྙས་པའི་ལེ་ལོ་རེད། བདག་ཉིད་ལ་བརྙས་པའི་ལེ་ལོ་ཟེར་བ་དེ་ནི་ངས་གང་ཡང་ཡོང་གི་མ་རེད། ང་རང་བཞིན་གྱི་མི་བཟང་པོ་ཞིག་མིན་སྙམ་པ་དང་། རིག་པ་ཡག་པོ་ཞིག་མིན་སྙམ་པ། གཟུགས་པོ་ཐང་པོ་མེད་སྙམ་པ་ལྟ་བུ་དྲན་སྡོད་ཀྱི་ཡོད་ན་སོ་སོའི་གནས་སྟངས་ལ་ཚོད་དཔག་ཡག་པོ་མ་ཐིག་པ་རེད། བྱས་ཙང་ཚང་མས་ངས་སྤྱོད་པ་ངན་པ་བྱས་པ་དེ་དག་སྤྱི་ཚོགས་དང་། ཁོར་ཡུག གྲོགས་པོ་སོགས་ཕྱིའི་རྐྱེན་མང་པོ་ཞིག་ལ་བརྟེན་ནས་སྤྱོད་པ་ངན་པ་བྱེད་ཤོར་བ་མ་གཏོགས། ང་ལ་དེ་ལྟ་བུའི་ཕྱིའི་རྐྱེན་མང་པོ་མ་བྱུང་བ་ཡིན་ན་ང་རང་བཞིན་གྱི་སྤྱོད་ངན་མེད་ཅེས་ངོ་འཕྲོད་རྒྱུ་དེ་བཟང་སྤྱོད་ཡར་རྒྱས་འགྲོ་རྒྱུའི་གཞི་རྟེན་ལྟ་བུ་ཡིན་པས་གལ་ཆེན་པོ་ཞེ་དྲག་རེད། ཐོག་མ་ཉིད་ནས་ངས་གང་ཡང་ཡོང་གི་མ་རེད་ཅེས་ཐག་བཅད་པ་ཡིན་ན་སྒོ་ཚང་མ་བཀག་པ་རེད། དེར་བརྟེན་སེམས་ཅན་ཐམས་ཅད་ཡར་རྒྱས་ཆེ་ཤོས་བར་དུ་འགྲོ་རྒྱུ་ཡོད་པའི་ནུས་པ་ཡོད་པ་ཤ་སྟག་ཡིན་པས་བདག་ཉིད་ལ་མ་བརྙས་པ་བྱེད་དགོས། ཁྱེད་རང་ཚོའི་སློབ་ཚན་ནང་ལའང་དེ་སྐོར་མང་པོ་གསན་གྱི་རེད། ང་རང་ཚོས་ཤེས་པ་བདག་ཉིད་ཆེན་པོ་གཱནྡྷཱི་དང་། ར་བིནྡྲ་ནཱཐ་ཊཻ་གོར་ (Rabindranath Tagore) ལྟ་བུ་རྒྱ་གར་ནང་མི་སྣ་གྲགས་ཅན་མང་པོ་ཡོད་རེད། བོད་པའི་སྤྱི་ཚོགས་ནང་དུའང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལྟ་བུ་ཡིན་ཡང་མ་གཞི་མི་ཡིན་པའི་ཆ་ནས་ང་རང་ཚོ་དང་ནུས་པ་གཅིག་པ་རེད་དེ། ཁོང་ཚོས་ཡང་དག་པའི་འབད་བརྩོན་གནང་བ་ལ་བརྟེན་ནས་ཡར་རྒྱས་ཆེན་པོ་ཕྱིན་པ་དང་། ང་ཚོས་འབད་བརྩོན་མ་བྱས་པའམ་འབད་བརྩོན་བྱེད་སྟངས་མ་ཤེས་པའི་དབང་གིས་ཡར་རྒྱས་མ་ཕྱིན་པ་རེད། དེར་བརྟེན་ང་རང་གི་རང་བཞིན་དེ་བཟང་སྤྱོད་དང་ལྡན་པ་ཡིན། བར་ལམ་ཞིག་ནས་ངས་སྤྱོད་ངན་མང་པོ་བྱས་པ་དེ་དག་གནས་སྐབས་ཕྱིའི་རྐྱེན་ལ་བརྟེན་ནས་བྱས་པ་ཞིག་མ་གཏོགས། ང་རང་གི་རང་གཤིས་ནས་བྱུང་བ་ཞིག་རེད་མི་འདུག་སྙམ་པའི་ངོ་འཕྲོད་དགོས་པ་གལ་ཆེན་པོ་རེད། ངོ་འཕྲོད་པའི་རྗེས་ལ་རང་གི་སེམས་ལ་ཡར་རྒྱས་གཏོང་རྒྱུའི་རིམ་པ་དང་པོར་སོ་སོའི་བློ་དེ་རྒྱུ་མཚན་ལ་བསམ་བློ་གཏོང་ཤེས་པ་ཞིག་བཟོ་རྒྱུ་དང་། མིས་གཅིག་རེད་ཟེར་ན་ཡིན་པར་ཆ་བཞག་པ་དང་། མ་རེད་ཟེར་ན་མ་ཡིན་པར་ཆ་བཞག་ནས་འགྲོ་མཁན་དེ་མ་ཡིན་པར་རང་རང་སོ་སོས་བརྟག་དཔྱད་བྱེད་དགོས་པ་ཡིན། རང་རང་སོ་སོས་བརྟག་དཔྱད་བྱེད་རྒྱུའི་ནུས་པ་མེད་པ་ཡིན་ན་སློབ་སྦྱོང་གང་ཡང་ཤེས་ཀྱི་ཡོད་མ་རེད། ཤེས་པ་དང་ཁས་ལེན་པ་གཉིས་རྦད་དེ་ལོགས་ཀ་རེད།

རང་གིས་བརྟག་དཔྱད་བྱས་ནས་ངོ་འཕྲོད་པ་དེ་ལ་ཤེས་པ་ཟེར་བ་དང་། རང་གིས་བརྟག་དཔྱད་མ་བྱས་པར་མིས་ལབ་པར་ཆ་བཞག་པ་དེར་མ་ཤེས་པ་ཟེར་གྱི་རེད། དཔེར་ན། ང་ཚོས་འཇིག་རྟེན་འདི་ཇི་ལྟར་ཆགས་པ་རེད་ཟེར་ན། འབར་གས་ཆེན་པོ་ (Big bang) ཟེར་བ་ཞིག་བྱུང་བ་དེ་ནས་འཇིག་རྟེན་འདི་བྱུང་བ་རེད་ཅེས་རྟག་པར་ཤོད་ཀྱི་ཡོད་པ་དེ་ལ་ཆ་བཞག་ནས་བསྡད་པ་རེད། འབར་གས་ཆེན་པོ་དེ་འདྲ་ཞིག་བྱུང་བའི་རྒྱུ་དང་། རྐྱེན་གང་འདུག རྒྱུ་རྐྱེན་དེ་དག་ཇི་ལྟར་རུབ་རུབ་ཆགས་འདུག དེ་རུབ་རུབ་ཆགས་པ་ལ་བརྟེན་ནས་ནུས་པ་གང་འདྲ་ཞིག་ལུས་ལ་ concentrate བྱས་འདུག དེ་ལ་བརྟེན་ནས་འབར་གས་ཆེན་པོ་དེ་བྱུང་འདུག འབར་གས་ཆེན་པོ་དེ་བྱུང་རྗེས་རིམ་པས་ད་ལྟའི་གོ་ལ་འདིའི་ནང་གི་གླིང་དང་གླིང་ཕྲན་ལ་སོགས་པ་ཇི་ལྟར་ཆགས་འདུག དེ་དག་སོ་སོས་བརྟག་དཔྱད་བྱས་ནས་ཤེས་ན་ཤེས་པ་རེད་མ་གཏོགས་དེ་མིན་ཆ་བཞག་པ་ཞིག་རེད། ང་ཚོས་སྤྲེའུ་ནས་མི་ཆགས་པ་རེད་ལབ་པ་དེ་ཆ་བཞག་པ་ཞིག་རེད། སྤྲེའུ་ནས་མི་ཆགས་ལུགས་ཆགས་སྟངས་དེ་སོ་སོས་བརྟག་དཔྱད་བྱས་ནས་ཤེས་ན་གཞི་ནས་ཤེས་པ་རེད། རང་གི་བརྟག་དཔྱད་མ་བྱས་པར་དེབ་ཀྱི་ནང་དང་། རྒན་ལགས་ཀྱིས་གསུངས་སོང་ཞེས་ལབ་པ་ཡིན་ན། དེ་རྒྱུ་མཚན་ལ་མ་ལྟོས་པའམ་རང་གི་སློབ་སྦྱོང་མ་བྱས་ནས་མིས་ལབ་པར་ཆ་བཞག་པ་ཞིག་རེད། བྱས་ཙང་ཆ་བཞག་པའི་གནས་སྟངས་ལ་མ་བསྡད་པར་གནས་ཚུལ་ག་རེ་ཡིན་ཡང་རང་གིས་ཤེས་པར་བྱེད་དགོས། ཆོས་ཕྱོགས་ནས་བཤད་པ་ཡིན་ན། ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། ། ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གང་གསུངས་པ་དེ་དག་ཁྱེད་རང་གིས་རིགས་པའི་ལམ་ནས་བརྟག་དཔྱད་བྱས་ཏེ། འཐད་དང་མ་འཐད་གང་ཡོད་མེད་གཞི་ནས་བླང་དོར་བྱེད་དགོས་རེད་མ་གཏོགས། སྐྱབས་སུ་མཆི། སངས་རྒྱས་ཀྱིས་གསུངས་པ་རེད། ང་སངས་རྒྱས་ལ་དད་པ་ཡོད་ཅེས་ཟེར་བ་ཡིན་ན། དེ་ནི་ཁྱེད་རང་གིས་ཤེས་པ་མིན་པར་ཆ་བཞག་པ་ཞིག་ཡིན་པས་འགྲིག་གི་མ་རེད་གསུངས་འདུག ཆོས་དང་མ་འབྲེལ་བ་དང་ཆོས་ལ་དད་པ་མེད་མཁན་ཞིག་ཡིན་ཡང་། མིས་བཤད་ཚད་ལ་ཆ་བཞག་པ་ཡིན་ན་སོ་སོའི་སེམས་ལ་ཡར་རྒྱས་འགྲོ་རྒྱུ་གང་ཡང་ཡོད་མ་རེད། དེ་འདྲ་ཡིན་དུས་བཟང་སྤྱོད་ཀྱི་གཞི་རྩ་དང་པོ་དེ་ཤེས་རབ་རེད། གནད་དོན་གང་འདྲ་ཞིག་ཡིན་ཡང་རང་གིས་བརྟག་དཔྱད་བྱས་ནས་ཤེས་ཐབས་བྱེད་རྒྱུ་དང་། སོ་སོའི་གཤིས་ཀ་ལྟ་བུ་དེ་རིགས་པའི་རྗེས་འབྲང་བྱས་ནས་སྡོད་ཐབས་བྱེད་དགོས། དེ་ལྟ་བུའི་གཤིས་ཀ་དེ་བཟུང་བའི་རྗེས་ལ་མི་གཞན་གྱིས་ང་ལ་ཚིག་རྩུབ་པོ་ཞིག་ལབ་ན་རང་ཉིད་ལ་ཚོར་བ་ཅི་འདྲ་ཞིག་ཡོང་གི་འདུག དེ་ལ་བརྟག་དཔྱད་བྱས་ནས་མི་གཞན་གྱིས་རང་ལ་ཚིག་རྩུབ་ཅིག་ལབ་ན་དགའ་པོ་མི་ཡོང་བར་སེམས་ནང་སྡུག་བསྔལ་ཡོང་གི་འདུག་ན། ངས་མི་གཞན་ལ་ཚིག་རྩུབ་ཅིག་ལབ་ན་ཁོང་ལའང་མི་དགའ་བ་ཡོང་གི་རེད། དེར་བརྟེན་ང་རང་ལ་མི་འོས་པ་དང་། མ་འཚམས་པ། དགའ་བསུ་བྱེད་མ་ཐུབ་པ་དེ་ངས་མི་གཞན་ལ་བྱེད་རྒྱུ་མི་འདུག་སྙམ་པ་བཅས་རང་ཉིད་དཔེ་ལ་བླངས་པའམ་རྒྱུ་མཚན་གྱི་ཐོག་ནས་ངེས་པ་འདྲེན་པ་ཞིག་བྱེད་དགོས། ཆོས་ཕྱོགས་ཀྱི་ཐོག་ནས་བྱས་པ་ཡིན་ན་སྡིག་པ་ཡོད་པ་དང་། སྐྱེ་བ་ཕྱི་མ་ངན་སོང་ལ་འགྲོ་ཡི་རེད་སོགས་ཐག་རིང་གི་གནས་ཚུལ་མང་པོ་ཞིག་བཤད་ཀྱི་ཡོད་རེད། ཆོས་ལ་མ་བརྟེན་པའི་ཐོག་ནས་བསམ་བློ་བཏང་བ་ཡིན་ན་རང་ལ་དགའ་པོ་མེད་ན་མི་ལའང་དགའ་པོ་མེད་པ་དེ་ཟུར་བལྟས་ལེབ་མཐོང་གི་བཟོ་འདྲ་པོ་རེད། བྱས་ཙང་རང་ལ་དགའ་པོ་མེད་པ་དེ་མིས་མ་བྱས་ན་སྙམ་པའི་བློ་དེ་རང་ཤུགས་ཀྱིས་ཡོང་བ་བཞིན་དུ། མི་གཞན་ལ་དགའ་པོ་མེད་པ་དེ་ངས་མ་བྱས་ན་སྙམ་པའི་བློ་དེ་ཡོད་རེད་བསམ་པ་ར་འཕྲོད་དགོས་ཀྱི་ཡོད་རེད། དེ་ར་འཕྲོད་པ་ཡིན་ན་དངོས་ཤུགས་བརྒྱུད་གསུམ་ནས་གཞན་ལ་གནོད་པ་མི་བྱེད་རྒྱུའི་ཐབས་ཤེས་བྱས་པ་དེ་བཟང་སྤྱོད་ཀྱི་ནང་ནས་ཉེས་པ་སྤོང་བའི་བཟང་སྤྱོད་ཅེས་པ་དེ་གཞི་ནས་སླེབས་ཀྱི་ཡོད་རེད། དེ་ལྟ་བུའི་ཉེས་པ་སྤོང་བའི་བཟང་སྤྱོད་དེ་རང་གི་བསམ་བློར་སླེབས་རྒྱུར་མཐུན་རྐྱེན་གང་དང་གང་ཞིག་དགོས་ཀྱི་ཡོད་པ་བསམ་བློ་བཏང་ནས་དེའི་མཐུན་རྐྱེན་སྒྲུབ་པ་དེ་ལེགས་ཚོགས་སྒྲུབ་པའི་བཟང་སྤྱོད་ཀྱི་གནས་སྟངས་ཆགས་ཀྱི་རེད། དེ་གཉིས་ཀའི་རྒྱབ་ཏུ་ཤེས་རབ་དེ་དགོས་ཀྱི་ཡོད་རེད། ཤེས་རབ་དང་མཉམ་དུ་སོ་སོས་རང་ལ་བརྩེ་བ་བྱས་པ་བཞིན་མི་གཞན་ལའང་བརྩེ་བ་བྱེད་དགོས་ཀྱི་རེད། མིའི་སྤྱི་ཚོགས་ཞེས་པ་བྱམས་པ་དང་བརྩེ་བས་བསྐྱངས་པ་ཞིག་དང་། དེ་ལ་བརྟེན་ནས་བདེ་བ་ཡོང་རྒྱུ་དང་ཡར་རྒྱས་འགྲོ་རྒྱུ་ཡོད་པ་ཞིག བྱམས་པ་དང་བརྩེ་བས་ཕོངས་པ་ཡིན་ན་རང་གཞན་གཉིས་ཀར་བདེ་བ་ཡོང་རྒྱུ་མེད་པ་བཤད་མི་དགོས་པ་རེད། དེ་ར་འཕྲོད་པ་ཡིན་ན་རང་ལ་བདེ་བ་མི་འདོད་མཁན་ཕལ་ཆེར་མེད་པ་དང་། རང་གི་བདེ་བ་དེ་གཞན་གྱི་བདེ་བར་ལྟོས་ནས་ཡོང་བ་ཞིག་མ་གཏོགས་རང་ཉིད་གཅིག་པུར་བདེ་བ་ཡོང་བ་དང་། གཞན་ལ་བདེ་བ་ཡོང་མི་དགོས་པའི་ཐབས་ཤེས་ཡོད་མ་རེད། དེ་རྒྱུ་མཚན་གང་གི་ཐོག་ནས་བལྟས་ཀྱང་ཐབས་ཤེས་མེད་པ་ཞིག་རེད། དེ་ལྟར་བསམ་བློ་བཏང་བ་ཡིན་ན་བཟང་སྤྱོད་དེ་སོ་སོའི་རྒྱུད་ལ་ཡར་རྒྱས་གཏོང་ཐུབ་ཀྱི་རེད་བསམ་གྱི་འདུག

དྲི་བ། གུས་པའི་དོགས་འདྲི་ནི་ཁྲིམས་ཐོག་ནས་འགན་ཡོད་པའི་མི་ཞིག་གིས་དྲང་བདེན་གྱིས་ཁྲིམས་བསྐྱངས་པ་ཡིན་ན་མི་མང་པོ་ཞིག་གིས་མི་དགའ་བ་བྱེད་ཀྱི་འདུག གང་ཟག་དེར་སྤྱི་ཡོངས་ནས་དྲང་བདེན་ལ་རྒྱབ་སྐྱོར་ཡོང་ཐབས་ཅི་འདྲ་ཞིག་བྱེད་དགོས་སམ།

ལན། མི་དགའ་བ་ཡོང་རྒྱུ་དེ་གནས་སྐབས་དང་། ཡང་དག་པ་མ་ཡིན་པའི་གནས་སྟངས་ཤིག་རེད་མ་གཏོགས་དངོས་ཡོད་ཀྱི་གནས་ཚུལ་བྱས་པ་ཡིན་ན་དྲང་བདེན་བྱེད་མཁན་གྱི་མི་ལ་ཚང་མས་དགའ་པོ་བྱེད་དགོས་པ་ཞིག་རེད། རང་གི་དྲང་བདེན་དེ་སོ་སོའི་བསམ་བློའི་ནང་དྲང་བདེན་ཡིན་བསམ་པ་ཙམ་མ་ཡིན་པར། དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་དྲང་བདེན་ཡིན་ན། དེར་འཕྲལ་ཕུགས་དང་དངོས་བརྒྱུད་རྣམ་དཔྱོད་དང་ལྡན་པའི་མི་ཚང་མས་དགའ་པོ་བྱེད་ཀྱི་རེད་མ་གཏོགས་མི་དགའ་བ་བྱེད་ཀྱི་མ་རེད། དྲང་བདེན་བྱེད་མཁན་ལ་མི་དགའ་བ་བྱེད་མཁན་ཞིག་ཡོད་ན། གོང་ཞུས་བཞིན་མི་དགའ་བ་བྱེད་དགོས་པའི་སྐྱོན་དེ་དྲང་བདེན་བྱེད་མཁན་དེའི་རྒྱུད་ལ་མིན་པར་རྣམ་རྟོག་གིས་སྒྲོ་བཏགས་པ་ཞིག་རེད། རྣམ་རྟོག་གིས་སྒྲོ་བཏགས་པ་དེ་དངོས་ཡོད་གནས་ཚུལ་ལ་མེད་ཙང་། སྔ་ཕྱི་མ་གཏོགས་མི་དགའ་བ་བྱེད་མཁན་དེ་གལ་སྲིད་རིགས་པའི་རྗེས་འབྲང་ངམ་བསམ་བློ་གཏོང་ཤེས་མཁན་ཞིག་ཡིན་ན། ང་རང་གིས་ནོར་འདུག་ཅེས་ཉིན་ཞིག་ར་འཕྲོད་ཀྱི་རེད། ཕྱོགས་གཞན་ཞིག་ནས་མི་དགའ་བ་བྱེད་པའི་རྒྱུ་མཚན་གང་ལ་ཐུག་གི་ཡོད་རེད་ཅེ་ན། དྲང་བདེན་བྱེད་མཁན་གྱི་མི་དེས་དྲང་བདེན་བྱས་པ་ལ་བརྟེན་ནས་མི་དགའ་བ་བྱེད་མཁན་དེས་ཁེ་ཕན་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོད་སྐྱོན་འགྲོ་བ་ཞིག་མཐོང་གི་ཡོད་རེད། ལྷག་པར་དུ་ང་ཚོ་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ལྟ་བུར་མཚོན་པ་ཡིན་ན། འཛིན་སྐྱོང་དེའི་དབང་ལྡན་འགན་འཛིན་ཞིག་གིས་དྲང་བདེན་གྱི་ཐོག་ནས་དེའི་འོག་ཏུ་ཡོད་པའི་ལས་བྱེད་གང་ཡང་རུང་བ་ཞིག་ལ་ཁ་ཐུག་དེར་ཁོ་པའི་ཁེ་ཕན་དང་། ཁོ་པའི་འདོད་པ་དང་མ་མཐུན་པའི་ལས་ཀ་ཞིག་བྱེད་དགོས་བྱུང་ན། ཁོས་མ་དགའ་བ་བྱེད་རྒྱུ་དེ་དྲང་བདེན་བྱེད་མཁན་གྱི་བྱེད་པ་པོའི་བྱ་བ་དེ་དྲང་བདེན་ཡིན་མིན་རིགས་པའི་ལམ་ནས་བརྟག་དཔྱད་མ་བྱས་པར། རང་ཉིད་ཀྱི་སྐྱོན་དེ་མ་མཐོང་བར་རང་ལ་གནོད་པ་རྒྱུ་མཚན་དུ་བྱས་ནས་མ་དགའ་བ་བྱེད་ཀྱི་ཡོད་རེད། བྱས་ཙང་དེ་འདྲའི་དྲང་བདེན་བྱེད་མཁན་གྱི་མི་དེར་ཡང་བསྐྱར་གང་ཟག་དེར་མ་དགའ་བ་བྱས་ན་དྲང་བདེན་བྱེད་མཁན་གྱི་མི་དེར་ཡོན་ཏན་ལྟ་བུ་ཆ་ཚང་གི་ཡོད་མ་རེད། གོང་ཞུས་བཞིན་བྱ་བ་དང་བྱེད་པ་པོ་དབྱེ་བ་ཕྱེ་ནས་དྲང་བདེན་བྱེད་མཁན་ལ་མི་དགའ་བ་བྱེད་མཁན་གྱི་མི་དེས་མ་ཤེས་པའམ། ཕྱོགས་སུ་ལྷུང་བ། རང་གི་ཁེ་ཕན་ལ་གནོད་པའི་དབང་གིས་མི་དགའ་བ་བྱེད་ཀྱི་ཡོད་རེད། ཁོ་ལ་སྙིང་རྗེའི་བསམ་པ་ལྟ་བུ་ཞིག་མ་གཏོགས་ཕར་གནག་གནག་བྱས་ན་མ་འགྲིག་པ་རེད། མ་དགའ་བ་བྱས་པའི་བྱ་བ་དེ་མ་རུང་བ་ཡིན་པས་དེ་ལ་ཁ་གཏད་གཅག་དགོས། མ་དགའ་བ་བྱེད་མཁན་གྱི་གང་ཟག་དེ་སྡུག་བསྔལ་ཅན་གྱི་གང་ཟག་གམ་སྐྱེས་བུ་ཕལ་པ་ཞིག་རེད། བྱས་ཙང་དེ་ལ་སྙིང་རྗེ་བྱས་ན་ཁོ་ལ་ད་ལྟ་ཕན་མ་ཐོགས་ཀྱང་ཕུགས་ལ་ཕན་ཐོགས་རྒྱུའི་བྱ་བ་གང་བྱེད་རྒྱུ་འདུག་ཅེས་ཁོའི་ཁེ་ཕན་སྲུང་སྐྱོབ་བྱེད་ཐུབ། གང་ལྟར་ཁོའི་བསམ་བློའི་ནང་དངོས་ཡོད་གནས་ཚུལ་མིན་པའི་རྣམ་རྟོག་གི་བློ་ཡོད་པ་དེ་དག་བསལ་རྒྱུའི་ཐབས་ཤེས་གང་བྱེད་རྒྱུ་འདུག་བལྟས་ནས་ཐབས་ལམ་བཙལ་པ་ཡིན་ན། ཕལ་ཆེར་གོ་བརྡ་འཕྲོད་པ་དང་མ་དགའ་བ་བྱེད་མཁན་དེའི་མ་དགའ་བ་སངས་ཐུབ་པ་ཏན་ཏན་ཡོང་གི་རེད་བསམ་གྱི་འདུག གལ་ཏེ་མ་དགའ་བ་བྱེད་མཁན་དེའི་མ་དགའ་བ་སངས་མ་ཐུབ་ཀྱང་། དྲང་བདེན་བྱེད་མཁན་གྱི་མི་དེས་རང་གི་ཡིད་ཆེས་ཡོད་པའི་དྲང་བདེན་དེར་ག་དུས་ཡིན་ཡང་གནས་ཐུབ་པ་ཞིག་དགོས་པ་མ་གཏོགས། མིས་དགའ་པོ་བྱེད་མིན་ལ་བལྟས་ནས་རང་གི་ལས་ཀ་བྱེད་སྟངས་ལ་འགྱུར་བ་བཏང་བ་ཡིན་ན། དྲང་བདེན་བྱེད་མཁན་དེ་དྲང་བདེན་ལ་གནས་མ་ཐུབ་པའི་གནས་སྟངས་ཤིག་ཆགས་སྲིད་པ་རེད། སོང་ཙང་སྤྱི་ཚོགས་ནང་མི་དང་མིའི་འབྲེལ་བ་ཞེས་པ་དེ་ཞེ་དྲག་དཀའ་ལས་ཁག་པོ་རེད། ད་ལྟའི་སྤྱི་ཚོགས་ནང་ human relationship ཞེས་པ་དེ་དཀའ་ངལ་ཆེ་ཤོས་ཤིག་རེད། དེ་དཀའ་ལས་ཁག་པོ་ཡོང་དོན་ནི། ག་དུས་ཡིན་ཡང་ང་ཚོས་བྱ་བ་དང་བྱེད་པ་པོ་དབྱེ་བ་མ་ཕྱེ་བར་མཉམ་དུ་རྒྱུག་པ་ལེབ་རྡུང་བྱས་པ་དེས་སྐྱོན་ཤོར་གྱི་ཡོད་རེད། ཕྱོགས་གང་ས་ནས་ལས་ཀ་མ་འོས་པ་ཞིག་བྱས་པའི་ལས་ཀ་མ་འོས་པ་དེ་དང་། ལས་ཀ་མ་འོས་པ་བྱེད་མཁན་གྱི་གང་ཟག་གཉིས་པོ་ཕྱོགས་གཅིག་ལ་བསྡོམས་པ་ཡིན་ན། སྡིག་པ་མ་བྱེད་མཁན་གྱི་མི་དེ་ཞེ་དྲག་ཐབས་སྐྱོ་པོ་མིན་ཡང་། སྡིག་པ་བྱེད་མཁན་གྱི་མི་དེ་ཐབས་སྐྱོ་པོ་ཡིན་ཙང་། སྡིག་པ་ལ་ཞེན་ལོག་དང་། །སྡིག་ཅན་ལ་བྱམས་བརྩེ་བྱེད། །ཅེས་གཱནྡྷཱིས་གསུངས་པ་བཞིན་སྡིག་པ་བྱེད་མཁན་གྱི་བྱ་བ་དེར་ཞེན་པ་ལོག་ནས་ངོ་རྒོལ་བྱེད་དགོས་པ་དང་། སྡིག་པ་བྱེད་མཁན་གྱི་གང་ཟག་དེར་ལྷག་པར་དུ་བྱམས་བརྩེ་བྱེད་དགོས་ཀྱི་ཡོད་པ་དེ་དངོས་ཡོད་གནས་ཚུལ་ཞིག་ཡིན་པས། མིའི་སྤྱི་ཚོགས་ནང་བྱ་བ་དང་བྱེད་པ་པོ་ཕན་ཚུན་གྱི་འབྲེལ་བ་གཉིས་མཉམ་བསྲེས་མ་བྱས་པར། བྱ་བ་དང་བྱེད་པ་པོ་གཉིས་ཟུར་དུ་བཞག་ནས་འབྲེལ་བ་བྱེད་ཐུབ་པ་ཡིན་ན། འགྲོ་བ་མིའི་འབྲེལ་ལམ་དེ་ཡག་ཏུ་འགྲོ་ཐུབ་ཀྱི་རེད་ལ། ད་ལྟ་ཁྱེད་རང་གིས་གསུངས་པའི་དྲང་བདེན་བྱེད་མཁན་ལ་དགའ་པོ་ཡོང་བ་དང་མ་དགའ་བ་ཡོང་བའི་གནས་སྟངས་དེ་ཡང་སངས་ཐུབ་ཀྱི་རེད་བསམ་གྱི་འདུག། །།

ཕྱིར་གོང་དུ་ལོག


css templates