website templates free download

Table

༄༅། །༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ་གྱི་ནང་ནས་ཀུན་ཁྱབ་འགན་ཁུར་དང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གོང་འཕེལ་སྐོར། །

(བོད་རྒྱལ་ལོ་ ༢༡༤༢ ཟླ་ ༤ ཚེས་ ༢༣ ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༠ ཉིན་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་ཨ་རིའི་རླུང་འཕྲིན་ཁང་ལས་ཁང་གི་ཀུན་གླེང་ལེ་ཚན་ནང་རྣམ་རྒྱལ་ཤཱསྟྲཱི་ལགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཛད་འཕྲིན་ཁག་ལས་ཐུགས་བསྐྱེད་དམ་བཅའ་གསུམ་གྱི་ནང་ནས་ཀུན་ཁྱབ་འགན་ཁུར་དང་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་གོང་སྤེལ་གྱི་མཛད་འཕྲིན་སྐོར་བཀའ་འདྲི་ཞུས་ལན།)

དྲི་བ། བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་དེ་རིང་ནེའུ་ཡོག་ལ་ཆིབས་བསྒྱུར་བསྐྱངས་པ་དང་བསྟུན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ་ལས་དང་པོ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་བཅར་འདྲི་ཞུ་རྒྱུའི་གོ་སྐབས་གནང་བར་བཀའ་དྲིན་ཆེ་ཞུས་པ་དང་ཆབས་ཅིག་འདིར་ཆིབས་བསྒྱུར་གནང་བར་གུས་བསུའི་འཚམས་འདྲི་ཞུ་ཡི་ཡོད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་འཕྲིན་མཐའ་ཡས་པ་བསྐྱངས་པ་ལས་མཛད་འཕྲིན་གཙོ་བོ་གསུམ་མམ་ཐུགས་བསྐྱེད་དམ་བཅའ་གསུམ་འདི་མཛད་པ་འཕྲིན་ལས་ཀྱི་ནང་ནས་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་འདྲ། ཐོག་མ་དེར་རྒྱབ་ལྗོངས་དང་དགོས་མཁོ་གང་འདྲ་ཞིག་གི་ཐོག་ནས་༧སྐྱབས་མགོན་རིན་པོ་ཆེས་དེ་ལྟ་བུའི་ཐུགས་བསྐྱེད་དམ་བཅའ་གསུམ་བཞེས་གནང་ཡོད་དམ།

ལན། དེའི་རྒྱབ་ལྗོངས་དང་དགོས་མཁོ་རྣམས་ཚང་མས་མཁྱེན་གསལ་རེད། དུས་རབས་ཉི་ཤུ་དང་ཉི་ཤུ་རྩ་གཅིག་པར་༧གོང་ས་མཆོག་གིས་འཇིག་རྟེན་ཁྱོན་ཡོངས་ལ་མཛད་པ་འཕྲིན་ལས་བསྐྱངས་པའི་སྐབས་དེར་འཇིག་རྟེན་ཡོངས་ཀྱི་འགྲོ་བ་སྤྱི་དང་། ལྷག་པར་དུ་འགྲོ་བ་མིའི་རིགས་ལ་སྡུག་བསྔལ་སེལ་རྒྱུ་དང་བདེ་བ་སྒྲུབ་རྒྱུའི་མཛད་ཁུར་དེ་སྤྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་བསྐྱེད་ཀྱི་ནང་ཡོད་པ་ཞིག་རེད། དེ་བཞིན་འཕགས་པ་སྤྱན་རས་གཟིགས་ཀྱིས་གདུལ་བྱའི་ཁམས་ལ་གཟིགས་ནས་ད་ལྟའི་གནས་སྐབས་ལ་དགོས་མཁོ་གང་ཆེ་བ་དེ་མཛད་པ་དང་ཐུགས་བསྐྱེད་ཀྱི་ནང་ནས་གཙོ་བོ་བཞེས་གནང་གི་ཡོད་རེད། དེ་འདྲ་སོང་ཙང་འཇིག་རྟེན་སྤྱི་ཡོངས་ཀྱི་འགྲོ་བ་མིའི་སྡུག་བསྔལ་འབྱུང་སའི་གཞི་རྩ་གཙོ་བོ་གང་ལ་ཐུག་གི་ཡོད་པ་དང་། སྡུག་བསྔལ་འབྱུང་བའི་གཞི་དེ་སེལ་རྒྱུའི་ཐབས་ལམ་གཙོ་བོ་ག་རེ་ཡོད་རེད། ད་ལྟའི་དུས་རབས་འདིར་མི་མང་པོ་ཞིག་ལ་སྙིགས་མ་ལྔ་བདོའི་དཀའ་ངལ་འཕྲད་རྒྱུའི་གནས་སྟངས་འདི་ཚོ་རྒྱུ་རྐྱེན་གང་འདྲ་བྱས་ཏེ་ཡོང་གི་ཡོད་པ་རྣམས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སྒོ་ནས་གཟིགས་སྐབས། འགྲོ་བ་མིའི་བཟང་སྤྱོད་ཉམས་ཆག་ཕྱིན་པའི་དབང་གིས་ཡོང་གི་ཡོད་པ་གཟིགས་པར་བརྟེན། བཟང་སྤྱོད་དེ་བསྐྱར་གསོ་དང་གོང་མཐོར་གཏོང་ཐུབ་པ་ཡིན་ན། འགྲོ་བ་མིའི་སྡུག་བསྔལ་མང་པོ་ཞིག་སེལ་ཐུབ་པ་དང་། དེ་བཞིན་འགྲོ་བ་མིའི་སྡུག་བསྔལ་གྱི་ཆ་ཤས་མང་པོ་ཞིག་ཆོས་ལུགས་ཀྱི་མིང་ཁྱེར་ནས་འཐེན་འཁྱེར་དང་འཐབ་རྩོད་བྱས་པ་ལས་ཡོང་གི་ཡོད་པ་དེ་ཡང་སེལ་ཐུབ་རྒྱུ། དཔེར་ན། སངས་རྒྱས་ཀྱིས་ཆོས་གསུང་སྐབས་སྡུག་བསྔལ་བདེན་པ་ཤེས་པར་བྱ་བ་དང་། ཀུན་འབྱུང་བདེན་པ་སྤང་བར་བྱ་བ་གསུང་སྐབས་སྡུག་བསྔལ་ཤེས་པའི་རྗེས་སུ་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་ཇི་ལྟར་སྤང་དགོས་པ་གསུང་གི་ཡོད་རེད། དེ་དང་ཕྱོགས་མཐུན་པ་བྱས་ཏེ་༧སྐྱབས་མགོན་རིན་པོ་ཆེས་ཀྱང་དུས་རབས་ཉི་ཤུ་པའི་མཇུག་དང་། དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་འགྲོ་བ་མིའི་སྡུག་བསྔལ་འབྱུང་གཞི་གཙོ་བོ་གང་ཡིན་པ་ངོས་འཛིན་ནས་དེ་སེལ་ཐབས་ཆེད་དམ་བཅའ་གསུམ་པོ་དེ་གནང་བ་རེད་བསམ་གྱི་ཡོད།

དྲི་བ། ༧སྐྱབས་མགོན་རིན་པོ་ཆེས་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་ནམ། ཡང་ན་ཀུན་ཁྱབ་འགན་ཁུར་གྱི་བསླབ་བྱ་དེ་སྔོན་ལ་གསུངས། དེ་རྗེས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་གོང་སྤེལ་སྐོར་གསུངས་འདུག དགོངས་གཞི་དེ་གཉིས་ལ་མི་འདྲ་བའི་ཁྱད་པར་གང་ཡོད་དམ།

ལན། དགོངས་གཞི་དེ་གཉིས་ལ་མི་འདྲ་བའི་ཁྱད་པར་ཆེན་པོ་གང་ཡང་ཡོད་རེད་བསམ་གྱི་མི་འདུག འགྲོ་བ་མིའི་འཇིག་རྟེན་ཡོངས་ཁྱབ་ལ་འཁྲི་བའི་ལས་འགན་ཞེས་པ་དེ་ཆོས་ལུགས་ཀྱི་ནང་ནས་གསུངས་པ་གང་ཞིག་ལ་ཆོས་ལ་དད་པ་མེད་མཁན་ཚོས་ཀྱང་ལས་འགན་དེ་བསྒྲུབ་མི་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་མ་རེད། དཔེར་ན། འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་གསུངས་པ་དེ་ཡང་བཟང་སྤྱོད་གང་གི་ནང་གཏོགས་པ་རེད་ཅེ་ན། ཆོས་ཀྱི་བསླབ་བྱའི་ནང་གཏོགས་པའི་བཟང་སྤྱོད་དང་། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་གཉིས་ཀ་ཆགས་ཀྱི་ཡོད་རེད། བཙན་བྱོལ་ལ་ཐོག་མར་ཕེབས་པ་ནས་ལོ་ཉི་ཤུ་རྩ་གྲངས་ཤིག་རིང་དེ་སྐོར་ཤ་སྟག་གསུངས་པ་རེད། དེའི་སྐབས་གནས་ཚུལ་གསར་པ་གང་ཞིག་བྱུང་བ་རེད་ཅེ་ན། འཇིག་རྟེན་ཁྱོན་ཡོངས་ལ་ཆོས་ལུགས་ཀྱི་མིང་ཐོག་ནས་འཐེན་འཁྱེར་དང་རྩོད་རྙོག་གི་འཚེ་བ་ཇེ་མང་ཇེ་མང་དུ་ཕྱིན་པ་དེ་གནའ་སྔ་མོ་ནས་ཡོད་ཀྱང་། བར་ལམ་ཞིག་ནས་ཛ་དྲག་ཏུ་ཕྱིན་སྟབས་དེའི་དགོས་མཁོ་བསྐྱར་དུ་གཟིགས་ནས་དེང་སང་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་ཡིན་པ་ཟུར་དུ་བཏོན་ནས་དེ་དག་ཡར་རྒྱས་གཏོང་དགོས་པའི་གནས་ཚུལ་ནན་པོ་བྱས་ནས་བཀའ་གནང་གི་ཡོད་རེད་བསམ་གྱི་འདུག

དྲི་བ། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་གནང་བ་དེས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སྐོར་ལ་གཙོ་བོ་གསུང་གི་ཡོད་རེད། འོན་ཀྱང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཀུན་ཁྱབ་འགན་ཁུར་གསུངས་པ་དེ་ནི་སྐྱེ་བོ་སྒེར་སོ་སོའི་ཐོབ་ཐང་སྐོར་ལ་གཙོ་བོ་མ་གསུངས་པར། འཇིག་རྟེན་འདིའི་ནང་སྐྱེས་པའི་མི་ཞིག་ཡིན་པའི་ཆ་ནས་སྤྱིའི་འགན་ཁུར་འཁྱེར་དགོས་པ་བཀའ་གནང་གི་འདུག དེས་ད་ལྟའི་རྩོད་དུས་ཀྱི་དུས་རབས་འདིའི་ནང་འགྲོ་བ་མིའི་རིན་ཐང་གོང་སྤེལ་ཐོག་ཤུགས་རྐྱེན་དང་ནུས་པ་ཇི་ཙམ་སྦྱིན་ཐུབ་ཡོད་རེད་དགོངས་ཀྱི་འདུག་གམ།

ལན། དེའི་ཤུགས་རྐྱེན་ཧ་ཅང་རླབས་ཆེན་བྱུང་ཡོད་པ་གསལ་པོ་རེད་བསམ་གྱི་འདུག དེང་རབས་དང་སྲོལ་རྒྱུན་གཉིས་ཀྱི་དབྱེ་བ་ཕྱེ་ནས་ལྟ་སྐབས། ད་ལྟ་སྙིགས་མ་ལྔ་བདོའི་དུས་འདིར་བཟང་སྤྱོད་ཉམས་ཆག་འགྲོ་རྒྱུའི་གནས་ཚུལ་མང་པོ་ཞིག་དང་། སྲོལ་རྒྱུན་གྱི་ནང་དུ་ཡོད་པའི་ཆ་མཉམ་གྱི་གནས་ཚུལ་མང་པོ་ཞིག་ཆ་མ་མཉམ་པར་ཆགས་ནས་ལྗིད་ཡང་ཤོར་བ་ལྟ་བུ་ཞིག་ཆགས་ཀྱི་ཡོད་རེད། དེ་འདྲ་ཡིན་ཙང་སྤྱིར་བཏང་དངོས་པོའི་གནས་ལུགས་ཀྱི་ཆ་ནས་ལས་འགན་དང་ཐོབ་ཐང་ཟེར་བ་དེ་མཉམ་སྦྲེལ་དང་གཅིག་ལ་གཅིག་བརྟེན་ཞིག་རེད། ལས་འགན་བསྒྲུབས་པ་ཡིན་ན་ཐོབ་ཐང་རང་བཞིན་གྱིས་ཡོང་རྒྱུ་དང་། ལས་འགན་མ་བསྒྲུབས་པ་ཡིན་ན་ཐོབ་ཐང་ལ་འབད་བརྩོན་བྱས་ཀྱང་སྲུང་སྐྱོབ་བྱེད་མ་ཐུབ་པའི་གནས་སྟངས་དེ་ཡོང་གི་ཡོད་རེད། དེ་འདྲ་ཡིན་ཙང་ལས་འགན་དང་ཐོབ་ཐང་གཉིས་གཅིག་ལ་གཅིག་སྦྲེལ་དང་། གཅིག་ལ་གཅིག་བརྟེན་ཡིན་པ། གཅིག་མེད་ན་གཅིག་ཡོང་གི་མེད་པ་ཤེས་ཐུབ་པ་ཡིན་ན། འགྲོ་བ་མིའི་སྤྱི་ཚོགས་ཀྱི་ནང་ད་ལྟ་ནང་བཞིན་གྱི་དཀའ་རྙོག་ཆེན་པོ་དེ་འདྲ་ཡོང་མི་དགོས་པ་ལྟ་བུ་རེད། ད་ལྟ་ང་ཚོས་ཐོབ་ཐང་ཁོ་ན་རྩོད་ཅིང་ལས་འགན་སྣང་མེད་དམ་བརྗེད་འགྲོ་དུས། གཅིག་གིས་གཅིག་ལ་བརྡལ་བཤིག་གཏོང་བའི་གནས་ཚུལ་དེ་ཡོང་གི་ཡོད་རེད། གང་ཟག་སྒེར་ཕན་ཚུན་དང་། སྤྱི་ཚོགས་ཕན་ཚུན། རྒྱལ་ཁབ་དང་མི་རིགས་ཕན་ཚུན་གང་ལ་བལྟས་ཀྱང་སོ་སོར་འཁྲི་བའི་ལས་འགན་དེ་མ་བསྒྲུབས་པར་སོ་སོའི་ཐོབ་ཐང་སྲུང་སྐྱོབ་བྱེད་རྒྱུར་འབད་བརྩོན་བྱེད་དུས་མི་གཞན་གྱི་ཐོབ་ཐང་བརྡལ་བཤིག་གཏོང་རྒྱུའི་གནས་སྟངས་དེ་ཡོང་གི་ཡོད་རེད། དེར་བརྟེན་ཐོབ་ཐང་དང་ལས་འགན་གཉིས་ཁ་བྲལ་དུ་མི་རུང་བར་གཅིག་ལ་གཅིག་བརྟེན་ཡིན་པ་བསྐྱར་དུ་ནན་བརྗོད་གནང་རྒྱུའི་ཆེད་དུ་༧སྐྱབས་མགོན་རིན་པོ་ཆེས་ཐོབ་ཐང་གི་སྐོར་ལ་ནན་པོ་བྱས་ནས་གསུང་གི་ཡོད་རེད་བསམ་གྱི་འདུག།ཕྱོགས་གཞན་ཞིག་ནས་ལས་འགན་གྱི་སྐོར་ལ་ཚོར་སྣང་ཆེན་པོ་ཡོད་པ་ཞིག་ཡིན་ན། ཐོབ་ཐང་དེ་རང་བཞིན་གྱིས་མཉམ་དུ་ཡོང་བ་ཞིག་མ་གཏོགས། དེའི་ཆེད་ཟུར་དུ་འབད་བརྩོན་བྱེད་མི་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་རེད། ཐོབ་ཐང་ཁོ་ནའི་ཐོག་འབད་བརྩོན་བྱེད་དུས་ལས་འགན་དེ་ཞོར་ལ་ལུས་པའི་དབང་གིས་རང་གི་ཐོབ་ཐང་ཡང་སྲུང་སྐྱོབ་བྱེད་མི་ནུས་པའི་གནས་སྟངས་ཡོང་གི་ཡོད་པ་དངོས་མཐོང་རེད་བསམ་གྱི་འདུག

དྲི་བ། ཆོས་ལུགས་ཚང་མའི་ནང་བཟང་སྤྱོད་དང་ཡ་རབས་ཀྱི་བསླབ་བྱ་གསུངས་པ་གཅིག་གྱུར་ལྟ་བུ་ཆགས་ཀྱི་ཡོད་ཀྱང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བར་ལམ་ནས་ཆོས་ཁས་མི་ལེན་མཁན་ཞིག་ཡིན་རུང་། དེ་ལ་ཡང་བཟང་སྤྱོད་ཀྱི་བསླབ་བྱ་དགོས་མཁོ་ཡོད་པ་བཀའ་གནང་བ་དེ་ཐུགས་བསྐྱེད་ཀྱི་དམ་བཅའ་གཅིག་ཆགས་ཀྱི་འདུག གཅིག་བྱས་ན་དེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསར་གཏོད་ཀྱི་མཛད་འཕྲིན་ཞིག་ལ་ངོས་འཛིན་བྱས་ན་འགྲིག་གི་ཡོད་དམ།

ལན། ངེས་པར་དུ་འགྲིག་གི་རེད་བསམ་གྱི་འདུག དེ་གསར་གཏོད་ཡིན་པ་གསལ་པོ་ཞེ་དྲག་རེད། གནའ་སྔ་མོའི་སྤྱི་ཚོགས་ལ་བལྟས་པ་ཡིན་ན། དུས་རབས་དང་པོ་ནས་སུ་ལའང་ཆོས་མེད་པའི་སྐབས་ཤིག་བྱུང་ཡོད་རེད། འོན་ཀྱང་བར་ལམ་ཞིག་ནས་ཆོས་ཁས་མི་ལེན་མཁན་དང་ཆོས་ལུགས་དང་འབྲེལ་བ་མེད་པའི་མི་དེ་ཉུང་ཉུང་ཞིག་ཆགས་པ་རེད། འདས་པའི་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་ནང་ཕྱི་བལྟས་སློག་པ་ཡིན་ན། ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་ཕྱིན་པ་དང་ཆབས་ཅིག ཆོས་དེ་ཚན་རིག་དང་མི་མཐུན་པའི་གནས་སྟངས་ལ་ཆ་བཞག་ནས་ཆོས་དད་མེད་མཁན་དེ་ཕྱོགས་ཡོངས་ནས་མང་དུ་འགྲོ་ཡི་ཡོད་རེད། ཆོས་དད་མེད་མཁན་མང་དུ་ཕྱིན་པའི་དབང་གིས་ཆོས་ལུགས་ཀྱིས་བཤད་པའི་ཚུལ་ཁྲིམས་དང་བཟང་སྤྱོད་ཉམས་ལེན་བྱེད་མཁན་ཡང་ཉུང་དུ་ཕྱིན་པ་རེད། ཚུལ་ཁྲིམས་དང་བཟང་སྤྱོད་ཉམས་ལེན་བྱེད་མཁན་ཉུང་དུ་འགྲོ་སྐབས་ཆོས་ལུགས་ནས་མ་བཤད་པའི་ཆོས་དད་མེད་མཁན་ཡིན་ནའང་བརྩི་སྲུང་བྱེད་དགོས་པའི་བཟང་སྤྱོད་ཀྱི་གནས་སྟངས་འདིའི་ཐོག་བསླབ་བྱ་བྱེད་མཁན་དཀོན་པོ་དང་། རང་རང་སོ་སོའི་ཁ་ཐུག་ལའང་བྱེད་མཁན་དཀོན་པོ། ཆོས་ཀྱི་བཟང་སྤྱོད་ཀྱི་བསླབ་བྱ་དེས་མི་ཚང་མར་མ་ལྡེང་པའི་གནས་སྟངས་གསལ་པོ་ཞེ་དྲག་ཆགས་ཡོད་པ་མ་ཟད། ད་ལྟའི་གནས་སྐབས་ལ་ཆོས་དད་མེད་མཁན་གྱི་མི་འབོར་དེ་འཇིག་རྟེན་ཁྱོན་ཡོངས་ཀྱི་མི་འབོར་གྱི་བརྒྱ་ཆ་གང་ལ་གང་འཚམས་སླེབས་དུས། ཁོང་ཚོར་བཟང་སྤྱོད་ཡོད་མེད་ལ་མ་ལྟོས་པར་གཡུགས་བཞག་པ་ཡིན་ན། འགྲོ་བ་མི་སྤྱི་ཡོངས་ཀྱི་བདེ་སྐྱིད་ལ་གནོད་ཚབས་ཡོད་པ་གསལ་པོ་གཟིགས་པ་དང་གཅིག དེ་ཙམ་མིན་པར་ཆོས་དད་ཡོད་ཟེར་མཁན་གྱི་གང་ཟག་དེ་ཚོའི་ནང་ལའང་ཆོས་ཉམས་ལེན་ངོ་མ་བྱེད་མཁན་དཀོན་པོ་ཞེ་དྲག་རེད། དཔེར་ན། ནང་པ་ཡིན་ཟེར་མཁན་ནང་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་དང་སྐྱབས་འགྲོའི་བསླབ་བྱ་ལ་སོགས་པ་ཡག་པོ་སྲུང་མཁན་ག་ཚོད་ཡོད་རེད། དེ་མིན་སྐྱབས་འགྲོའི་བསླབ་བྱ་ལ་སོགས་པ་ཤེས་རྟོགས་ཙམ་ཡང་མེད་པར་ནང་པ་ཡིན་བསམ་མཁན་ག་ཚོད་ཡོད་རེད། དེ་མཚུངས་ཆོས་ལུགས་གཞན་པ་ཚོའི་ནང་ལའང་ཏན་ཏན་དེ་འདྲ་ཡོད་རེད་བསམ་གྱི་འདུག ཆོས་ལུགས་དེ་དང་དེ་དག་ཉམས་ལེན་བྱེད་མཁན་གྱི་མི་ཚང་ཞིག་གི་ནང་སྐྱེས་པ་ཙམ་གྱིས་དེའི་རྗེས་འཇུག་ཡིན་བསམ་བསྡད་པ་མ་གཏོགས། དངོས་སུ་ཆོས་དེ་ཐོས་བསམ་ཉམས་ལེན་བྱས་ནས་རང་རྒྱུད་ལ་ཆོས་ཀྱི་དྲི་མས་མ་འགོས་པ་དེ་འདྲ་མང་པོ་ཡོད་རེད། དེའི་ཆ་ནས་ཆོས་ཡོད་མཁན་དང་ཆོས་མེད་མཁན་གཉིས་གང་མང་བ་རེད་ཅེ་ན། ཆོས་མེད་མཁན་དེ་ཏན་ཏན་མང་བ་ཆགས་ཡོད་རེད། ཁོང་ཚོར་ཡང་ཆོས་ཀྱི་ཐོག་ནས་བཟང་སྤྱོད་ཀྱི་བསླབ་བྱས་སྙོབ་མ་ཐུབ་རུང་། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་བསླབ་བྱས་བསྙབ་རྒྱུ་དེ་ཏོག་ཙམ་ལས་སླ་བ་ཡོང་གི་ཡོད་རེད་བསམ་གྱི་འདུག དེ་ཙམ་མ་ཟད་བཟང་སྤྱོད་ཀྱི་བསླབ་བྱ་དེ་ཤེས་ཡོན་གྱི་ཐབས་ལམ་དང་མཉམ་དུ་སྦྲེལ་མ་ཐུབ་པ་ཡིན་ན། འགྲོ་བ་མིའི་ཤེས་ཡོན་ཡར་རྒྱས་ཕྱིན་པ་དང་མཉམ་དུ་རང་བཞིན་གྱི་བཟང་སྤྱོད་དེ་ཡར་རྒྱས་མ་ཕྱིན་པ་ཡིན་ན། བཟང་སྤྱོད་དེ་ཟུར་དུ་བསླབ་རྒྱུའི་གོ་སྐབས་མེད་པས། བཟང་སྤྱོད་དང་ལྡན་པའི་མི་ཉུང་དུ་འགྲོ་རྒྱུའི་གནས་སྟངས་ཤིག་ཆགས་ཀྱི་རེད།

དེ་འདྲའི་དབང་གིས་ཤེས་ཡོན་ནང་སླེབས་དགོས་ཀྱི་ཡོད་ན། དེ་རིང་སང་ཉིན་འཇིག་རྟེན་གྱི་རྒྱལ་ཁབ་མང་ཆེ་བ་ཆོས་མེད་རིང་ལུགས་ཡིན་གསུང་གི་ཡོད་རེད། ཁོང་ཚོས་ཆོས་ཀྱི་བསླབ་བྱ་དང་ཆོས་ལུགས་ནས་བཤད་པའི་བཟང་སྤྱོད་ཀྱི་བསླབ་བྱ་དེ་དག་ཤེས་ཡོན་སློབ་གསོའི་རིམ་པའི་ནང་འཁྱེར་གྱི་ཡོད་མ་རེད། དེར་བརྟེན་སློབ་ཚན་ནང་ངེས་པར་འཁྱེར་ཆོག་རྒྱུའི་བཟང་སྤྱོད་ཀྱི་གནས་སྟངས་ཤིག་དགོས་ཀྱི་ཡོད་པ་དང་། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་གནས་སྟངས་ཤིག་མ་བྱུང་བ་ཡིན་ན། ཆོས་ཀྱི་རྒྱལ་ཁབ་ཡིན་ཟེར་མཁན་དེ་ཚོའི་ནང་ཆོས་ལུགས་ཤེས་ཡོན་ནང་འཁྱེར་ན་མི་འགྲིག་པ་མེད་པ་དེ་འདྲ་ཉུང་ཤས་ཡོད་པ་མ་གཏོགས། ད་ལྟ་ secular state ཡིན་གསུང་མཁན་རྒྱལ་ཁབ་མང་ཆེ་བའི་འཛིན་སྐྱོང་བྱས་པའི་ཤེས་ཡོན་སློབ་གསོའི་ནང་ཆོས་ལུགས་ནས་བཤད་པའི་གནས་ཚུལ་གང་ཡང་འཇོག་གི་ཡོད་མ་རེད། དེ་འདྲ་ཡིན་ཙང་བཟང་སྤྱོད་དེ་ཤེས་ཡོན་སློབ་གསོའི་ལས་རིམ་ནང་མེད་པ་ཡིན་ན་འགྲོ་བ་མིའི་སྤྱོ་ཚོགས་ལ་དཀའ་ངལ་ཞེ་དྲག་འཕྲད་རྒྱུར་སོང་། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་གསུང་རྒྱུ་གལ་ཆེན་པོ་ཆགས་པའི་རྒྱུ་མཚན་དེ་འདྲ་རེད་བསམ་གྱི་འདུག

དྲི་བ། འཛམ་གླིང་འདིའི་ནང་ཡེ་ཤུའི་ཆོས་ལུགས་ཀྱི་བླ་ཆེན་པོབ་ལ་སོགས་པ་ཆོས་ལུགས་ཀྱི་དབུ་ཁྲིད་མང་པོ་ཞིག་ཡོད་ཀྱང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བར་ལམ་ནས་ཆོས་ཁས་མི་ལེན་མཁན་ཚོ་ལའང་བཟང་སྤྱོད་དགོས་མཁོ་ཆགས་པའི་སྐོར་ལ་བཀའ་སློབ་དང་ཕྱག་དེབ་ལྗགས་རྩོམ་གནང་བ་བརྒྱུད། གོང་དུ་རིན་པོ་ཆེས་བཀའ་གནང་བ་བཞིན། འཛམ་གླིང་ནང་ཆོས་ཁས་མི་ལེན་མཁན་ས་ཡ་མང་པོ་ཡོད་པ་ཁོང་ཚོར་ཡང་ལམ་སྟོན་གནང་མཁན་དང་འགོ་འཁྲིད་མཁན་ཞིག་འདུག་སྙམ་པའི་ཉམས་ལེན་གནང་རྒྱུའི་ཆ་རྐྱེན་ཞིག་བསྐྲུན་པར་ངོས་འཛིན་བྱས་ན་འགྲིག་གི་ཡོད་དམ།

ལན། དེ་འགྲིག་དང་འགྲིག ད་ག་རང་རེད། ཆོས་ལུགས་ཀྱི་དབུ་ཁྲིད་དང་ཆོས་ལུགས་ཀྱི་བསླབ་བྱ་དེ་ཚོས་འགྲོ་བ་མི་རིགས་སྤྱི་ཡོངས་ལ་མ་ཁྱབ་པའི་གནས་སྟངས་ཇེ་གསལ་དུ་ཆགས་དུས་ཆོས་དད་མེད་མཁན་རྣམས་ཟུར་དུ་བཞག་པ་ཡིན་ན། འགྲོ་བ་མི་རིགས་ལ་མཁོ་བའི་བཟང་སྤྱོད་ཀྱི་གནས་སྟངས་དེ་ཡོངས་ཁྱབ་མ་ཆགས་པར་ཆ་ཤས་ཙམ་མམ་ཕྱོགས་རེ་བ་ཞིག་ཆགས་འགྲོ་ཡི་རེད། དེ་ཕྱོགས་རེ་བ་མིན་པར་ཡོངས་ཁྱབ་ཆགས་རྒྱུའི་དོན་དུ་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་བསླབ་བྱ་གནང་མཁན་ཞིག་ཡོད་པ་ཡིན་ན། དེའི་བསླབ་བྱ་གནང་མཁན་རྣམས་ཆོས་ལུགས་ཡོད་མེད་ཚང་མའི་ལམ་སྟོན་གནང་མཁན་དབུ་ཁྲིད་ལ་ངོས་ལེན་ཞུ་ཐུབ་པ་དང་། དེ་ལ་བརྟེན་ནས་འགྲོ་བ་མི་རིགས་སྤྱི་ཡོངས་ནང་ཆོས་ཡོད་མེད་ལ་མ་ལྟོས་པའི་བཟང་སྤྱོད་ཡོད་དགོས་པ་སྤྱི་མཚུངས་ཡོང་རྒྱུ་སྟབས་བདེ་པོ་ཆགས་ཀྱི་རེད།

དྲི་བ། ཆོས་ལུགས་གང་ལའང་དད་པ་མེད་ཀྱང་རང་ཉིད་ཀྱི་ཀུན་སྤྱོད་དེ་ཚུལ་དང་མཐུན་པ་ཞིག་དང་། གཞན་ལ་གནོད་པ་མི་བྱེད་རྒྱུའི་བསམ་བློ་གོང་མཐོར་གཏོང་དགོས་པ་དེ་༧གོང་ས་༧སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་དམིགས་བསལ་གསར་གཏོད་མཛད་པའི་གདམས་ངག་གསར་པ་ཞིག་རེད་ཅེས་བཀའ་གནང་འདུག ༧གོང་ས་མཆོག་གིས་གདམས་ངག་དེ་གནང་བ་ལ་བརྟེན་ནས་འཇིག་རྟེན་སྤྱི་ཡོངས་ལ་བཟང་སྤྱོད་ཀྱི་བསླབ་བྱ་དང་ཉམས་ལེན་གོང་མཐོར་འགྲོ་རྒྱུར་ཤུགས་རྐྱེན་ཇི་ཙམ་འགྲོ་ཡི་ཡོད་པ་དགོངས་ཀྱི་འདུག་གམ།

ལན། དེའི་ཤུགས་རྐྱེན་རླབས་ཆེན་ཐེབས་ཡོད་རེད་བསམ་གྱི་འདུག ང་ཚོས་དེང་རབས་དང་མཐུན་པའི་ཉམས་ཞིབ་བྱས་ཏེ་བརྒྱ་ཆ་བརྩིས་པ་དེ་འདྲ་བྱུང་མེད་པ་མ་གཏོགས། སྤྱིར་བཏང་གི་ཆ་ནས་བལྟས་པ་ཡིན་ན་ཕྱོགས་ཚང་མའི་ནང་འགྱུར་བ་ཆེན་པོ་ཐེབས་ཡོད་རེད། དཔེར་ན། ང་ཚོའི་གནས་ཚང་རྒྱ་གར་ལྟ་བུ་ཡིན་རུང་རྒྱ་གར་ཆོས་མེད་རིང་ལུགས་སམ་ཆོས་ལུགས་རིས་མེད་ཀྱི་རྒྱལ་ཁབ་ཅིག་ཡིན་པར་བརྟེན། རྒྱ་གར་གྱི་ཤེས་ཡོན་ལམ་སྲོལ་ནང་སྔོན་འགྲོ་ནས་མཐོ་རིམ་སློབ་གྲྭའི་བར་ཆོས་ལུགས་དང་འབྲེལ་བའི་བཟང་སྤྱོད་དང་ལྟ་གྲུབ་རྣམ་གཞག་དེ་སློབ་ཚན་ནང་སློབ་ཀྱི་ཡོད་མ་རེད། ༧སྐྱབས་མགོན་རིན་པོ་ཆེས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་བསླབ་བྱ་དེ་བཀའ་གནང་བ་ནས་བཟུང་། སློབ་གྲྭ་ཁག་གི་ནང་བཟང་སྤྱོད་ཀྱི་སློབ་གསོ་སྤེལ་རྒྱུའི་སློབ་ཚན་གྲ་སྒྲིག་ཇི་ལྟར་བྱས་ན་དྲག་པ་འདུག་གམ། སློབ་ཚན་དུ་ཇི་ལྟར་འཇུག་དགོས་མིན་ཐོག་བསམ་བློ་གཏོང་མཁན་མང་པོ་སླེབས་ཡོད་རེད། ལྷག་པར་དུ་ན་གཞོན་ཚོའི་ནང་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཐོག་དམིགས་བསལ་དོ་སྣང་བྱེད་མཁན་མང་དུ་ཕྱིན་པ་དེ་ང་རང་ཚོས་མངོན་སུམ་དུ་མཐོང་ཐུབ་པ་ཞིག་རེད། བཟང་སྤྱོད་ཀྱི་བསླབ་བྱ་དེས་འཇིག་རྟེན་སྤྱི་ཡོངས་ལ་ཤུགས་རྐྱེན་ཐེབས་པའི་གནས་ཚུལ་གསལ་པོ་ཞིག་ནི། ཚན་རིག་པའི་ནང་བཟང་སྤྱོད་ཀྱི་ཐོག་དོ་སྣང་ཆེ་རུ་ཕྱིན་པ་དེ་རླབས་ཆེན་གྱི་མཛད་པ་ཞིག་དང་ནུས་པ་ཞིག་ཐོན་པ་རེད་བསམ་གྱི་ཡོད། གང་ལགས་ཤེ་ན། དེང་རབས་ཀྱི་མི་ཚང་མ་ཚན་རིག་པས་བཤད་པ་རེད། ཚན་རིག་པས་བརྟག་དཔྱད་ཀྱི་ཐོག་ནས་ཡང་དག་པ་ཐོན་པ་རེད་ཅེས་ཚན་རིག་དང་། ཚན་རིག་དང་མཐུན་པའི་རྣམ་གཞག་དེ་ཚོར་ཡང་བསྐྱར་བསམ་བློ་གཏོང་མི་དགོས་པར་ལས་སླ་པོ་བྱས་ཏེ་ཁས་ལེན་རྒྱུའི་གནས་སྟངས་ཤིག་ཆགས་ཡོད་རེད། གནའ་སྔ་མོ་ཡིན་ན་ཆོས་ཀྱིས་རྨོངས་དད་སྤེལ་བ་དང་། དེ་རིང་ཁ་སང་ཚན་རིག་གིས་རྨོངས་དད་སྤེལ་བའི་གོ་སྐབས་ཤིག་ཆགས་ཡོད། ངས་རྨོངས་དད་སྤེལ་ན་ཡག་པོ་རེད་ཟེར་གྱི་མེད་ཀྱང་། ཚན་རིག་དང་མཐུན་པ་དང་། ཚན་རིག་པས་ཁས་ལེན་གྱི་ཡོད་རེད་ཅེས་ཟེར་དུས་མི་ཚང་མས་ཡིན་ཤག་ཤག་བྱས་ཏེ་ཆ་བཞག་པ་མ་གཏོགས། དེར་འགལ་ཟླ་དང་རྩོད་ལེན་བྱེད་རྒྱུ་ཞེ་དྲག་ཉུང་དུ་འགྲོ་ཡི་ཡོད་རེད།

ད་ལྟའི་གནས་སྐབས་དང་འདས་པའི་ལོ་སུམ་ཅུ་སོ་གྲངས་ཀྱི་རིང་༧སྐྱབས་མགོན་རིན་པོ་ཆེས་ཚན་རིག་པ་རྣམས་དང་འབྲེལ་བ་དང་བཀའ་བསྡུར་མང་པོ་གནང་བའི་རྒྱུ་མཚན་ལ་བརྟེན་ནས། ཚན་རིག་པ་ཚོས་གཞི་རིམ་གྱི་འཇིག་རྟེན་གྱི་ལྟ་ཚུལ་ལ་འགྱུར་བ་ཆེན་པོ་ཞིག་ཐེབས་པའམ་འགྱུར་བ་ཐེབས་པའི་མཚམས་ལ་སླེབས་ཡོད་པ་མ་ཟད། ཚན་རིག་པ་ཚོས་ཀྱང་འགྱུར་བ་ཐེབས་ཀྱི་འདུག་ཅེས་ཁས་ལེན་གྱི་ཡོད་རེད། དཔེར་ན། སྔ་མོའི་ཌར་བིན་ (Darwin) གྱི་ལྟ་གྲུབ་ནང་བཞིན་བལྟས་པ་ཡིན་ན། མི་དང་སྲོག་ཆགས་ཅི་འདྲ་ཞིག་ཡིན་རུང་རང་བཞིན་གྱིས་འཚེ་བ་ཅན་དང་རྒོད་ཞུམ་ཅན་ཞིག་ཡིན་པ་མ་གཏོགས། མིའི་རང་བཞིན་དེ་བྱམས་བརྩེའི་ངོ་བོར་གནས་ཀྱི་ཡོད་པ་དང་། འཚེ་བ་དང་ཁོང་ཁྲོ་དེ་དག་གློ་བུར་དུ་འབྱུང་བའི་ཉོན་མོངས་ཤིག་ཡིན་པ་ཁས་ལེན་གྱི་ཡོད་མ་རེད། དེར་བརྟེན་ཚན་རིག་པ་མང་ཆེ་བས་སེམས་ཀྱི་རང་བཞིན་ལ་དྲི་མ་ཡོད་པ་འདྲ་པོ་ཞིག་ལྟ་ཡི་ཡོད་རེད། འོན་ཀྱང་ད་ལྟའི་གནས་སྐབས་འདིར་ཡང་དག་པའི་སེམས་ཀྱི་ཚོར་བ་དང་ཡང་མ་དག་པའི་སེམས་ཀྱི་ཚོར་བ་ལ་དབྱེ་བ་ཕྱེ་ནས། སེམས་ཀྱི་རང་བཞིན་དེ་ཡང་དག་པ་དང་ཡང་མ་དག་པ་གཉིས་ཀར་མ་ཞུགས་པར། སེམས་ཀྱི་རང་བཞིན་དྲི་མ་མེད་པ་ཞིག་ཡིན་པ་དང་། དྲི་མ་མེད་པའི་སེམས་ལ་དྲི་མ་ཅན་གྱི་སེམས་ཚོར་ཉོན་མོངས་མང་པོ་སླེབས་དུས། དེ་སེལ་རྒྱུའི་ཐབས་ཤེས་ཡོད་པ་དང་། དེའི་དབང་འོག་ནས་སེམས་དེ་གྲོལ་རྒྱུ་ཡོད་པ་ཞིག་རིམ་པས་ཚན་རིག་པ་ཚོས་མཐོང་གི་ཡོད་རེད། ཀླད་པ་ཙམ་མིན་པའི་ཀླད་པ་ལས་གཞན་པའི་སེམས་ཀྱི་རྣམ་གཞག་ཅིག་ཡོད་པའི་ཕྱོགས་ལའང་ཚན་རིག་པ་ཚོས་དོ་སྣང་བྱེད་ཀྱི་ཡོད་རེད། ད་ལྟ་ཁོང་ཚོས་དེ་ལྟར་ཡོད་པ་ཁས་ལེན་མིན་ལ་མ་ལྟོས་པར་དེར་དོ་སྣང་བྱེད་དགོས་ཀྱི་འདུག་ཅེས་པའི་གནས་སྟངས་ཤིག་ཏུ་སླེབས་ཡོད། སེམས་དང་སྲོག་གི་ཉམས་ཞིབ་ཀྱི་སྡེ་ཚན་དེའི་ཐོག་ནས་ལོ་མང་པོའི་རིང་༧སྐྱབས་མགོན་རིན་པོ་ཆེས་ཚན་རིག་པ་དང་མཉམ་དུ་འབྲེལ་གཏུག་དང་བཀའ་མོལ་མང་པོ་གནང་བའི་ཉེར་ལེན་གྱིས། གཞི་རིམ་ཚན་རིག་གི་ལྟ་ཚུལ་མང་པོ་ཞིག་ལ་འགྱུར་བ་ཐེབས་རྒྱུའི་གོ་སྐབས་ཤིག་མཐོང་བའམ་འགྱུར་བ་ཐེབས་འགོ་འཛུགས་ཀྱི་ཡོད་པར་བརྟེན། དེའི་བརྒྱུད་ནས་འགྲོ་བ་མི་རིགས་སྤྱི་ཡོངས་ལ་བཟང་སྤྱོད་ཐོག་ཕན་ཐོགས་དང་ནུས་པ་ཤུགས་ཆེ་ཐེབས་ཀྱི་ཡོད་པ་གསལ་པོ་ཞེ་དྲག་རེད་བསམ་གྱི་ཡོད།

དྲི་བ། རིན་པོ་ཆེས་གོང་དུ་གསུངས་པ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་གྱི་ནང་ཚན་རིག་པ་དང་ལྷན་དུ་བགྲོ་གླེང་གནང་རྒྱུ་དེ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་རེད། ༧སྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་ཁ་ཤས་ནང་ཐོག་མར་ཚན་རིག་པ་དང་འབྲེལ་བ་གནང་རྒྱུའི་ཐོག་ནང་པ་དང་ཚན་རིག་པ་གཉིས་ཀའི་ནང་ཐེ་ཚོམ་བྱེད་མཁན་གནས་སྟངས་དེ་འདྲ་བྱུང་འདུག འོན་ཀྱང་ད་ཆ་ལོ་སུམ་ཅུ་སོ་གྲངས་ཀྱི་དུས་ཡུན་འདིའི་རིང་ཚན་རིག་པ་དང་བགྲོ་གླེང་བྱས་པ་བརྒྱུད། འགྲོ་བ་མི་རིགས་སྤྱིའི་བདེ་སྐྱིད་ལ་ཚན་རིག་དང་། ནང་ཆོས་ཀྱི་འབྲེལ་བའི་ཐོག་ནས་ཕན་བདེ་ཚད་མཐོ་པོ་བསྐྲུན་རྒྱུ་དེ། ཕྱོགས་གཉིས་ཀས་ཁས་ལེན་བྱེད་རྒྱུའི་གནས་སྟངས་ཤིག་ཆགས་པ་འདི་༧སྐྱབས་མགོན་རིན་པོ་ཆེས་ལོ་སུམ་ཅུ་སོ་གྲངས་གོང་ནས་གཟིགས་རྒྱང་ཆེན་པོ་དེ་འདྲ་ཞིག་གནང་བར་ད་ལྟ་ཕྱིར་མིག་སློག་ནས་གཟིགས་པ་ཡིན་ན། ༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དེ་གང་འདྲ་ཞིག་གི་ཐོག་ནས་ཕེབས་ཡོད་རེད་དགོངས་ཀྱི་ཡོད་དམ།

ལན། དེ་ནི་༧སྐྱབས་མགོན་རིན་པོ་ཆེས་གཟིགས་རྒྱང་ཧ་ཅང་རིང་པོའི་ཐོག་ནས་ཕུགས་རྒྱང་རིང་པོའི་གནས་ཚུལ་གཟིགས་ཐུབ་ཀྱི་ཡོད་པ་དང་། ཕུགས་རྒྱང་རིང་པོའི་འཆར་སྣང་དེ་དག་འཁྲུལ་པ་མེད་པར་གནང་ཐུབ་ཀྱི་ཡོད་པ་དེ་ནི་ང་ཚོ་གང་ཟག་ཕལ་པ་ཞིག་ལ་ཆ་བཞག་ཀྱང་གསལ་པོ་ཞེ་དྲག་ཆགས་པ་རེད། ཚན་རིག་པ་དང་བཀའ་མོལ་གནང་རྒྱུ་ཙམ་མིན་པར་ང་རང་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ལས་དོན་ཐག་གཅོད་གནང་སྟངས་ཀྱི་སྐོར་དང་། དེ་མིན་གྱི་ཆོས་དང་འཇིག་རྟེན་གང་འདྲ་ཞིག་གི་ཐོག་ལ་ཡིན་ནའང་༧སྐྱབས་མགོན་རིན་པོ་ཆེས་ཐག་གཅོད་གནང་སྟངས་མང་པོ་ཞིག་ལ་མི་ཚང་མས་དེ་ཡག་པོ་ཞེ་དྲག་བྱུང་སོང་། ད་ག་རང་འགྲིག་གི་རེད། ཅེས་ཁ་ཐུག་ལ་དྲན་མི་ཐུབ་པ་དེ་འདྲ་མང་པོ་ཞིག་བྱུང་ཡོད་རེད། འོན་ཀྱང་ག་ལེ་ག་ལེར་ལྟ་སྐབས་དངོས་གནས་ཡང་དག་པ་ཡིན་པ་དང་། དེ་ལས་ལྷག་པའི་འགྲོ་ས་མེད་པ་ཞིག་རིམ་པས་ངོས་འཛིན་ཐུབ་པ་ཡོང་གི་འདུག དེར་བརྟེན་ཆོས་ཕྱོགས་ནས་བཤད་པ་ཡིན་ན་༧རྒྱལ་བ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་དུས་གསུམ་གསལ་གཟིགས་ཡིན་དུས་ཡིན་དང་ཡིན། གང་ཟག་ཐ་མལ་པ་ཞིག་ཡིན་པའི་དབང་དུ་བྱས་ཀྱང་། ལོ་གྲངས་བརྒྱ་ཕྲག་མང་པོའི་འབྱུང་འགྱུར་གྱི་གནས་ཚུལ་གཟིགས་ཐུབ་པ་དང་། དེའི་འཆར་སྣང་བཞེས་ཐུབ་པ་བཅས་ནི་དངོས་གནས་དྲང་གནས་འཇིག་རྟེན་གྱི་དབུ་ཁྲིད་རླབས་ཆེན་ཞིག་ཡིན་པ་གསལ་པོ་ཆགས་ཀྱི་ཡོད་རེད།

དྲི་བ། གོང་དུ་རིན་པོ་ཆེས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སྐོར་ལ་སློབ་གྲྭ་ཁག་ནང་སློབ་ཁྲིད་བྱེད་རྒྱུ་དང་། སློབ་ཚན་གོ་སྒྲིག་གནང་རྒྱུའི་དགོངས་བཞེས་ཐོག་དེ་རིང་ཁ་སང་གང་ལ་གང་འཚམས་མང་དུ་འགྲོ་ཡི་ཡོད་རེད་ཅེས་བཀའ་གནང་སོང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་འོག་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སློབ་ཚན་འཆར་འགོད་ཀྱི་ལས་འཆར་དེ་དག་གང་ལ་གང་འཚམས་ཟིན་ནས་ཨ་རི་དང་ཡུ་རོབ་ཀྱི་མཐོ་རིམ་སློབ་གྲྭ་མང་པོའི་ནང་སློབ་ཁྲིད་གནང་རྒྱུ་འགོ་འཛུགས་བྱས་ཡོད་པ་འདྲ། ལས་རིམ་འདི་མ་འོངས་པའི་དུས་རབས་ཉེར་གཅིག་པ་དང་ཉེར་གཉིས་པའི་མི་རབས་གསར་པའི་མིའི་གཤིས་རྒྱུད་ལ་བཟང་སྤྱོད་གོང་འཕེལ་འགྲོ་བའི་རྨང་གཞི་ཅི་འདྲ་ཞིག་ཆགས་ཀྱི་ཡོད་པར་དགོངས་ཀྱི་ཡོད་དམ།

ལན། རྨང་གཞི་ཧ་ཅང་བརྟན་པོ་ཆགས་ཀྱི་རེད་བསམ་གྱི་འདུག དཔེར་ན། ད་ལྟའི་དུས་རབས་འདིར་ཡར་ཐོན་ཟིན་པའི་རྒྱལ་ཁབ་མང་ཆེ་བའི་ནང་ན་གཞོན་སུ་འདྲ་ཞིག་ཡིན་ཡང་། ཤེས་ཡོན་སློབ་སྦྱོང་གི་རིམ་པ་ལ་མ་ཕྱིན་པར་སློབ་གྲྭ་འགྲོ་རྒྱུ་མ་བྱུང་བ་དང་། ཡིག་རྨོངས་ཆགས་པ་དེ་འདྲ་མེད་པའི་བཟོ་འདྲ་པོ་ཆགས་ཡོད་རེད། དེར་བརྟེན་ལོ་ན་ཆུང་དུས་ནས་ཤེས་ཡོན་སློབ་སྦྱོང་གི་སྡེ་ཚན་ནང་འཛུལ་མཁན་ཞིག་ཡིན་ཕྱིན། དེའི་ནང་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་བསླབ་བྱ་གནད་དུ་སྨིན་པ་ཞིག་དང་། དེའི་སློབ་སྟོན་བྱེད་སྟངས་ཀྱང་ཐབས་ལམ་ཡང་དག་པ་ཞིག་གི་ཐོག་ནས་བྱས་པ་ཡིན་ན། འགྲོ་བ་མི་དེ་རང་བཞིན་གྱིས་བཟང་སྤྱོད་ལྡན་པའི་སྐྱེས་བུ་ཞིག་ཡིན་དུས། ཁོང་ཚོའི་བཟང་སྤྱོད་ཡར་རྒྱས་གཏོང་ཐུབ་རྒྱུར་ཕལ་ཆེར་ཐེ་ཚོམ་བྱེད་མི་དགོས་པའི་བཟོ་འདྲ་ཞིག་ཆགས་ཀྱི་རེད་བསམ་གྱི་འདུག དེར་བརྟེན་སྤྱི་ཡོངས་ཀྱི་ཆ་ནས་མི་མང་ཆེ་བ་ཞིག་གི་བཟང་སྤྱོད་ཡར་རྒྱས་འགྲོ་ཐུབ་པ་ཡིན་ན། བཟང་སྤྱོད་མེད་མཁན་གྱི་གང་ཟག་དེ་ཚོ་ཡང་སྤྱི་ཚོགས་ཀྱིས་ཤུགས་གནོན་དབང་གིས་བཟང་སྤྱོད་ཐོག་མ་གནས་ཐབས་མེད་ཆགས་རྒྱུ་རེད། དཔེར་ན། ད་ལྟ་བཟང་སྤྱོད་དང་འགལ་བའི་གནས་ཚུལ་མང་པོ་ཞིག་སྤྱི་ཚོགས་ཀྱིས་ཤུགས་གནོན་འོག་ནས་འགྲོ་བསྡད་པའི་བཟོ་འདྲ་ཞིག་ཡོད་པ་དེ་ཚོ་རྗེས་སུ་ཉུང་དུ་འགྲོ་རྒྱུར་ཕན་ཐོགས་ཡོང་གི་རེད་བསམ་གྱི་འདུག ཡར་རྒྱས་འགྲོ་བཞིན་པ་དང་འགྲོ་རྒྱུའི་རྒྱལ་ཁབ་དེ་ཚོའི་ནང་ཆ་བཞག་ཀྱང་ཡིག་རྨོངས་ཀྱི་གནས་སྟངས་དེ་ཞེ་དྲག་ཉུང་དུ་འགྲོ་ཡི་ཡོད་རེད། ཤེས་ཡོན་སློབ་གསོའི་ལས་རིམ་དེ་ག་དུས་ཡིན་ཡང་ཡར་རྒྱས་འགྲོ་ཡི་ཡོད་སྟབས། མ་འོངས་པར་འགྲོ་བ་མི་རིགས་སྤྱི་ཡོངས་ལ་བཟང་སྤྱོད་ཀྱི་གནས་སྟངས་ཤིག་སྤེལ་དགོས་ཀྱི་ཡོད་ན། ཤེས་ཡོན་གྱི་ཐབས་ལམ་འདི་མ་གཏོགས་གཞན་མེད་པའི་བཟོ་འདྲ་པོ་རེད། དེའི་ཐོག་ནས་སྤྱི་ཚོགས་དང་སྒེར་གཉིས་ཀའི་ནང་བཟང་སྤྱོད་ཡར་རྒྱས་གཏོང་རྒྱུར་ཕན་ཐོགས་ཆེན་པོ་དང་དེའི་གཞི་རིམ་བརྟན་པོ་ཞིག་ཚུགས་པ་རེད་བསམ་གྱི་ཡོད།

དྲི་བ། ནང་ཆོས་ནང་སྙིགས་མ་ལྔའི་དུས་ཟེར་བ་ཞིག་གསུང་གི་ཡོད་རེད། རིན་པོ་ཆེའི་བཀའ་སློབ་ཅིག་གི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཇིག་རྟེན་སའི་གོ་ལའི་ཐོག་ཡོད་པའི་ཀླན་ཀ་ཆེན་པོ་ལྔ་ལ་གདོང་ལེན་བྱེད་དགོས་ཞེས་བཀའ་གནང་གི་ཡོད་པ་གསུངས་འདུག དེ་ལྟ་བུའི་ཀླན་ཀ་ཆེན་པོ་ལྔ་ཞེས་པ་གང་འདྲ་ཞིག་ལ་གསུང་གི་ཡོད་པ་དང་། དེ་དག་ལ་གདོང་ལེན་གནང་ཕྱོགས་གང་འདྲ་ཞིག་ལ་གསུང་གི་ཡོད་པའི་ཐོག་སྙིང་བསྡུས་ཤིག་གསུང་རོགས་གནང་།

ལན། དེ་ནི་གོང་དུ་ཞུས་པ་བཞིན་རེད། ༧སྐྱབས་མགོན་རིན་པོ་ཆེས་ད་ལྟའི་འཇིག་རྟེན་ཁྱོན་ཡོངས་དང་། ལྷག་པར་དུ་སའི་གོ་ལ་འདིའི་ཐོག་ཡོད་པའི་སྐྱེ་འགྲོ་ཐམས་ཅད་ཀྱིས་གདོང་ལེན་བྱེད་དགོས་པའི་དཀའ་ངལ་དང་ཀླན་ཀ་ཆེན་པོ་ལྔ་བསྡོམས་བསྐྱོན་ནས་གསུང་གི་ཡོད་རེད། དེའི་ནང་ནས་དང་པོ་དེ་མི་འབོར་ཡར་རྒྱས་ཚད་མེད་འགྲོ་བའི་གནས་སྟངས་དེས་དཀའ་ངལ་འཕྲད་ཀྱི་ཡོད་པར་བརྟེན། རྒྱལ་ཁབ་ཁྱོན་ཡོངས་དང་ལྷག་པར་དུ་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེ་ཚོའི་ནང་དཔལ་འབྱོར་དང་དགོས་མཁོའི་ཡར་རྒྱས་ཇི་ཙམ་ཕྱིན་ཡང་། ཡར་རྒྱས་ཕྱིན་པའི་ཚད་གཞི་དང་མི་འབོར་མང་དུ་ཕྱིན་པའི་ཚད་གཞི་གཉིས་པོ་གཅིག་གིས་གཅིག་རྗེས་མ་ཟིན་པར་ཡར་རྒྱས་ཕྱིན་པ་དེ་མངོན་གསལ་དོད་པོ་མེད་པའི་བཟོ་འདྲ་ཞིག་ཡོང་གི་ཡོད། དཔེར་ན། འགྲིམ་འགྲུལ་གྱི་མཐུན་རྐྱེན་ཇི་ཙམ་མང་དུ་བཏང་ཡང་མི་དེ་བས་མང་ཙམ་འཕེལ་དུས། འགྲིམ་འགྲུལ་གྱི་མཐུན་རྐྱེན་དེས་འདང་ངེས་བཞིན་པ་ག་དུས་ཡིན་ཡང་ཆགས་རྒྱུ་མེད་པའི་བཟོ་འདྲ་པོ་དང་། སྨན་གྱི་མཐུན་རྐྱེན་ཇི་ཙམ་ཡར་རྒྱས་བཏང་ཡང་ནད་པའི་འབོར་དེ་བས་ཆེ་རུ་འགྲོ་དུས་མཐུན་རྐྱེན་དེས་ག་དུས་ཡིན་ཡང་མ་འདང་བ་ཞིག་དང་དཀོན་སིལ་སིལ་བསྡད་པ་མ་གཏོགས། འདང་ངེས་བཞིན་མེད་པའི་གནས་ཚུལ་མང་པོ་ཞིག་ཡོང་གི་ཡོད་རེད། སྤྱིར་བཏང་འཇིག་རྟེན་ཁྱོན་ཡོངས་ཀྱི་དགོས་མཁོའི་མཐུན་རྐྱེན་དེ་དག་ཚད་ཡོད་པ་ཤ་སྟག་རེད། འོན་ཀྱང་མིའི་གྲངས་འབོར་དེ་ཚད་མེད་འཕེལ་དུས་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་ཡོད་པ་དངོས་ཡོད་གནས་སྟངས་ཆགས་ཡོད།

དེ་ནས་གཉིས་པ་དབུལ་ཕྱུག་གི་བར་ཁྱད་ཆེ་རུ་འགྲོ་བ་དེ་རེད། སྤྱིར་བཏང་ཚང་མ་དཔལ་འབྱོར་ཏོག་ཙམ་ཡར་རྒྱས་ཕྱིན་ནས་དབུལ་ཕོངས་ཀྱི་གྲངས་འབོར་ཉུང་དུ་འགྲོ་ཡི་ཡོད་རེད་ལབ་ཀྱི་ཡོད་ཀྱང་། དབུལ་ཕྱུག་གི་བར་ཁྱད་དེ་ག་དུས་ཡིན་ཡང་རྒྱང་ཁྱད་ཆེན་པོ་བྱས་ཏེ་སྡོད་པ་མངོན་གསལ་དོད་པོ་རེད། དེ་ལྟར་ཡོད་པའི་དབང་གིས་དབུལ་པོ་དེ་དག་ཕྱུག་པོ་ལ་བརྟེན་ནས། ང་ག་དུས་ཡིན་ཡང་དབུལ་པོ་རེད་འདུག་སྙམ་པའི་བསམ་བློ་འཁོར་བ་དེས་དབུལ་ཕོངས་ཀྱི་སྡུག་བསྔལ་ཇེ་ཆེར་འགྲོ་བ་དང་། ཕྱུག་པོའི་གྲལ་རིམ་དེ་དག་གིས་ཀྱང་བཤུ་གཞོག་གཏང་ས་དེ་དབུལ་ཕོངས་ཀྱི་གྲལ་རིམ་ཆགས་ཡོད་སྟབས། སྒྲོམ་གཞི་དེ་ག་དུས་ཡིན་ཡང་བཤུ་གཞོག་དང་འཚེ་བ་ལྟ་བུ་ཡོད་པའི་དབང་གིས་རྒྱལ་ཁབ་ཕན་ཚུན་གྱི་དབུལ་ཕྱུག་གི་ཁྱད་པར་དང་། གླིང་ཆེན་ཕན་ཚུན་གྱི་དབུལ་ཕྱུག་གི་ཁྱད་པར། རྒྱལ་ཁབ་སོ་སོའི་ནང་གི་དབུལ་ཕྱུག་གི་ཁྱད་པར་སོགས་ཀྱིས་འགྲོ་བ་མི་རིགས་དེ་གྲལ་རིམ་གཅིག་གིས་གཅིག་ལ་སྡང་ཟུག་མ་གཏོགས། མཛའ་བརྩེའི་མཐུན་ལམ་འབྱུང་རྒྱུ་ཁག་པོ་ཡིན་པ་དེས་དབུལ་ཕྱུག་གི་དཀའ་ངལ་དེ་གཉིས་པར་གཟིགས་ཀྱི་ཡོད་རེད།

དཀའ་ངལ་གསུམ་པ་དེ་འཚེ་བའི་ལས་རེད། འཚེ་བའི་ལས་ངོ་མ་དེ་རྒྱལ་ཁབ་ཕན་ཚུན་དམག་འཁྲུག་བརྒྱབ་པའི་དབང་གིས་བྱུང་བ་དང་། འཇིགས་སྐུལ་རིང་ལུགས་ཀྱི་དབང་གིས་འཚེ་བ་བྱུང་བ། དུས་རབས་ཉེར་གཅིག་པ་འདིའི་ནང་བལྟས་ཀྱང་དགུ་བཅུ་གཅིག་གི་གནས་ཚུལ་གྱིས་མཚོན་པའི་བསམ་ཡུལ་དུ་མ་ཤོང་བའི་འཚེ་བའི་ལས་མང་པོ་ཞིག་བྱུང་བ་དེས་མི་ཚང་མ་ཞེད་སྣང་དང་དོགས་ཟོན་ནང་སྡོད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། ལྷག་པར་དུ་དེ་རིང་སང་ཉིན་གྱི་གནས་སྐབས་ལ་འཚེ་བ་དེ་ཚོང་དང་འབྲེལ་བ་ཆགས་ནས་འཚེ་བ་མེད་པ་བཟོ་མཁན་གྱི་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོའི་ནང་དུའང་ལྷག་བསམ་རྣམ་དག་གིས་འཚེ་བ་མེད་པའི་ཐབས་ཤེས་བྱེད་མཁན་ཇེ་ཉུང་ཇེ་ཉུང་དུ་འགྲོ་བ་དང་། དེ་བཞིན་འཚེ་བའི་བྱ་བར་ཤུགས་ཆེན་པོ་བྱས་ཏེ་འཇུག་རྒྱུར་མཚོན་ཆའི་ཐོན་སྐྱེད་བྱེད་མཁན་ཚོར་ཡང་ཁྲོམ་ར་ཞིག་དགོས་ཀྱི་ཡོད་རེད། ཁྲོམ་ར་དེ་འཚེ་བ་ཡོད་ན་མ་གཏོགས་འཚེ་བ་མེད་ན་ཁྲོམ་ར་ཉུང་དུ་འགྲོ་རྒྱུའི་གནས་སྟངས་ལ་བརྟེན། ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་གསུམ་གའི་ཐོག་ནས་འཚེ་བ་མང་དུ་འགྲོ་རྒྱུའི་གནས་སྟངས་དེ་དཀའ་ངལ་གསུམ་པ་རེད།

དཀའ་ངལ་བཞི་པ་དེ་ཁོར་ཡུག་ཉམས་ཆག་རེད། ཁོར་ཡུག་ཉམས་ཆག་དེ་ཕྱུག་པོ་དང་དབུལ་པོ། དབང་ཆ་ཡོད་མཁན་དང་མེད་མཁན་སུ་ལའང་དབྱེ་བ་མེད་པ། དེ་ཡང་མིའི་རིགས་ཙམ་མ་ཡིན་པའི་སྲོག་ཆགས་ཡོངས་ལ་ད་ལྟའི་གནས་སྐབས་སུ་ཆུ་གཙང་མ་ཞིག་འཐུང་རྒྱུ་དང་། དབུགས་རྔུབ་རྒྱུའི་རླུང་གཙང་མ་ཞིག་རག་རྒྱུ་དེ་ཡང་ཇེ་དཀའ་ཇེ་དཀའ་རུ་འགྲོ་ཡི་ཡོད་པའི་གནས་ཚུལ་གསལ་པོ་ཞེ་དྲག་རེད། ད་ལྟ་ནས་ལོ་སུམ་ཅུ་བཞི་བཅུའི་སྔོན་ལ་ཡིན་ན། ས་གནས་གང་དུ་ཕྱིན་ཡང་ཆུ་འཐུང་རྒྱུ་ཁ་ཐུག་ཁ་ཐུག་ལ་ལེན་པ་མ་གཏོགས་ཆུ་མཉམ་དུ་འཁྱེར་དགོས་པ་དང་། ཆུ་ཁྲོམ་ནས་ཉོ་དགོས་པ་མེད་པ་དེ་དངོས་ཡོད་གནས་སྟངས་རེད། ད་ལྟའི་གནས་སྐབས་ལ་ཆུ་ཉོ་བའམ་ཆུ་མཉམ་དུ་འཁྱེར་ན་མ་གཏོགས་འཐུང་འོས་པའི་ཆུ་རག་རྒྱུ་ཁག་པོ་ཞེ་དྲག་ཆགས་ཡོད་རེད། སྤྱིར་བཏང་རླུང་གི་ནང་ལ་ཆ་བཞག་ཀྱང་མིའི་གཟུགས་པོས་བཟོད་ཐུབ་པའི་ཚད་ལ་ཐག་ཉེ་པོ་སླེབས་པའི་རླུང་གི་ནང་དུག་རྫས་ཀྱི་སྦགས་བཙོག་ཆེན་པོ་ཞིག་ཡོང་གི་ཡོད་པ་ཞེ་དྲག་གསལ་པོ་རེད། སའི་གོ་ལ་ཁོ་རང་ཚ་དྲོད་ཆེ་རུ་འགྲོ་ཡི་ཡོད་པ་དང་། ཆུའི་འབྱུང་ཁུངས་འཁྱག་རོམ་དེ་དག་ཀྱང་མགྱོགས་པོ་བཞུར་གྱི་ཡོད་རེད་ཟེར་གྱི་ཡོད་རེད། དེའི་དབང་གིས་མཚོ་འགྲམ་ལ་སྡོད་མཁན་གྱི་ལུང་པ་མང་པོ་མཚོའི་ནང་ཐིམ་འགྲོ་ཡི་ཡོད་པ་དང་། སྐམ་སའི་ལུང་པ་མང་པོའི་ནང་འཐུང་ཆུའི་དཀའ་ངལ་འཕྲད་རྒྱུའི་ཉེན་ཁ་རྣམས་ང་ཚོས་ཚོད་དཔག་བྱས་ཏེ་བཤད་པ་གང་ཡང་མིན་པར། ཚད་ལྡན་གྱི་ཚན་རིག་པ་རྣམས་ཀྱིས་ནམ་རྒྱུན་འཆར་ཅན་ལབ་བཞིན་པའི་ཛ་དྲག་ཆེ་བའི་གནས་སྟངས་ཆགས་ཀྱི་ཡོད་རེད། དེ་ནི་ཀླན་ཀ་དང་དཀའ་ངལ་བཞི་པ་དེ་རེད།

ལྔ་པ་དེ་ཆོས་ཞེས་པ་འགྲོ་བ་མི་ཚང་མ་སྡུག་བསྔལ་ལས་གྲོལ་ཏེ་ཐར་པར་འཁྲིད་རྒྱུའི་ཐབས་ལམ་ཞིག་ཡིན་པར་ཆ་བཞག་གི་ཡོད་རེད། ཆོས་ཀྱི་ཉམས་ལེན་དང་ཆོས་ཀྱི་གནས་ལུགས་ཡང་དག་པ་དེ་ཧ་ལམ་མེད་པའི་བཟོ་འདྲ་པོ་ཆགས། ཆོས་ཀྱི་མིང་དང་ཆོས་ཀྱི་མིང་ཐོག་ལ་བཙུགས་པའི་སྒྲིག་འཛུགས་དེ་ཚོས་ཆོས་ལུགས་འཐེན་འཁྱེར་དང་། ཆོས་ལུགས་དབར་གྱི་འཐབ་རྩོད། ད་ལྟ་འཇིག་རྟེན་འདིའི་དབུས་ཤར་ཨེ་ཤི་ཡ་དང་། ཨཕ་རི་ཁ། ནུབ་ཕྱོགས་ཀྱི་རྒྱལ་ཁབ་རེ་ཟུང་ནང་དཀའ་ངལ་མང་དག་དབང་གིས་ད་ལྟའང་མི་མང་པོ་ཞིག་སྐྱབས་བཅོལ་ལ་འགྲོ་དགོས་པའི་དཀའ་རྙོག་འཕྲད་བཞིན་པ་དང་། མི་མང་པོ་ཞིག་གི་སྲོག་ཤོར་དགོས་པ་དང་། འཚེ་བ་རྒྱུན་མི་ཆད་པར་ཡོང་བཞིན་པ་དེ་ཚོ་མང་ཆེ་བ་ཞིག་ཆོས་ཀྱི་ཐོག་ནས་ཡོང་གི་ཡོད་རེད། དེར་བརྟེན་དེ་ལྟ་བུའི་བདེ་སྐྱིད་འབྱུང་བའི་གཞི་དེ་ད་ལྟ་འཁོན་རྩོད་འགྲོ་རྒྱུའི་གཞི་ཞིག་ཆགས་དུས་ཧ་ཅང་གི་ཞེད་སྣང་བྱེད་དགོས་པའི་གནས་སྟངས་ཤིག་རེད། དེ་དག་ལྔ་པོ་ད་ལྟའི་འགྲོ་བ་མིའི་གདོང་ལེན་བྱེད་དཀའ་བའི་དཀའ་ངལ་ཆེ་བ་ལྔ་རེད་ཅེས་བཀའ་གནང་གི་ཡོད་རེད། དེ་ལྟ་བུའི་དཀའ་ངལ་ཆེ་བ་ལྔ་པོ་དེར་གདོང་ལེན་བྱེད་རྒྱུའི་ཐོག་མར་འགྲོ་བ་མིའི་ལུས་ངག་ཡིད་གསུམ་གྱི་བཟང་སྤྱོད་དེ་གོང་མཐོར་གཏོང་མ་ཐུབ་པར། བསམ་བློ་གཏོང་ཕྱོགས་དང་ལུས་ངག་གི་བྱ་བ་བྱེད་སྟངས་ད་ལྟ་ནང་བཞིན་བསྡད་པ་ཡིན་ན། དཀའ་ངལ་དེ་ཚོར་གདོང་ལེན་བྱེད་རྒྱུར་དཀའ་ལས་ཁག་པོ་ཆགས་ཀྱི་ཡོད་རེད།

དྲི་བ། འདི་ལོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་༧སྐུའི་འཁྲུངས་སྐར་ལ་གྱ་སྟོན་གྱི་སྲུང་བརྩི་ཚ་ཚ་འུར་འུར་ཞུས་ནས་བོད་པ་ཚོས་བརྟན་བཞུགས་འབུལ་རྒྱུས་མཚོན་མཛད་སྒོ་མང་པོ་ཞིག་གནང་གི་ཡོད་རེད། སྤྱིར་བཏང་བོད་པ་ཞེས་བརྗོད་དུས་འཛམ་གླིང་ནང་མི་བཟང་པོ་ཞིག་དང་གཤིས་སྤྱོད་ཡག་པོ་ཞིག་ཏུ་ངོས་འཛིན་ཞུས་ནས་ང་ཚོ་སྤོབས་པ་བྱེད་འོས་པ་ཡིན་མོད། འོན་ཀྱང་བར་ལམ་ནས་བོད་པའི་སྤྱི་ཚོགས་ནང་དུའང་དེ་དག་ལ་འཐུས་ཤོར་ཕྱིན་པའི་རྐྱེན་གྱིས་བློ་འཚབ་བྱེད་མཁན་དང་། དེ་བཞིན་སློབ་གྲྭའི་བསླབ་གཞིའི་ནང་དུའང་བཟང་སྤྱོད་ཀྱི་སློབ་ཚན་ཉུང་དྲགས་པའི་སྐྱོན་འདུག་ཅེས་བསམ་ཚུལ་ཡོང་གི་ཡོད་རེད། བོད་མི་ཚོས་༧སྐྱབས་མགོན་རིན་པོ་ཆེ་དགུང་ལོ་བརྒྱད་ཅུར་ཕེབས་པའི་༧སྐུའི་འཁྲུངས་སྐར་དང་བཀའ་དྲིན་རྗེས་དྲན་ཞུས་པ་དང་ལྷན་ཅིག་ཏུ་བཟང་སྤྱོད་ཀྱི་དགོངས་གཞི་དེ་ཡར་རྒྱས་གཏོང་རྒྱུར་གང་ཞིག་གནང་དགོས་པ་དང་། ད་བར་བྱས་པ་དེས་འདང་གི་མེད་ན་འགྱུར་བ་གང་ཞིག་གཏོང་དགོས་པ་གཟིགས་ཀྱི་ཡོད་དམ།

ལན། ༧སྐྱབས་མགོན་རིན་པོ་ཆེ་དགུང་ལོ་བརྒྱད་ཅུར་ཕེབས་པའི་གྱ་སྟོན་གྱི་ཆེད་དུ་ཚང་མས་རྣམ་པ་མི་འདྲ་བའི་ལས་འགུལ་མང་པོ་ཞིག་ཕ་རུབ་བུ་རུབ་དང་ཧུར་ཐག་འབད་ཐག་བྱས་ནས་སྤེལ་དང་སྤེལ་བཞིན་པ་དེ་རྗེས་སུ་ཡི་རང་ཞུ་འོས་པ་དང་ཞེ་དྲག་ཡག་པོ་རེད། ཚང་མས་༧སྐྱབས་མགོན་རིན་པོ་ཆེའི་བཀའ་དྲིན་བསམ་ཤེས་ཞུ་ཡི་ཡོད་རེད་ལ་ཞུ་དགོས་པ་ཞིག་ཀྱང་རེད། བསམ་བློ་གཏོང་རྒྱུ་ཡོད་པའི་མི་ཞིག་ཡིན་ན། ༧རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་འདིས་སྤྱིར་འཇིག་རྟེན་འགྲོ་བ་མིའི་རིགས་ཡོངས་དང་། ལྷག་པར་དུ་བོད་གངས་ཅན་གྱི་སྐྱེ་འགྲོ་ཚོར་རླབས་ཆེན་གྱི་བཀའ་དྲིན་ཇི་ཙམ་བསྐྱངས་ཡོད་པ་བསམ་བརྗོད་ལས་འདས་པ་ཞིག་ཡིན་པ་དེ་ངེས་པར་དུ་ང་ཚོས་དྲན་ཤེས་ཞུ་དགོས་པ་རེད་བསམ་གྱི་འདུག མཛད་སྒོ་གྲ་རྒྱས་པོ་དང་ཁྲ་ཁྲ་ཟིང་ཟིང་གི་ལས་འགུལ་དེ་ཚོ་གོང་ཞུས་བཞིན་ཡག་པོ་ཞེ་དྲག་ཡིན་ཡང་དེ་ཙམ་གྱིས་འདང་པ་ཞིག་དང་དེས་ཆོག་གམ་ཞེ་ན། དེས་འདང་རྒྱུ་དང་ཆོག་རྒྱུ་མེད་པ་ཞེ་དྲག་གསལ་པོ་རེད་བསམ་གྱི་འདུག གཞུང་ལུགས་ཀྱི་ནང་། ཕན་པའི་ལན་དུ་མཆོད་པ་བྱ་བ་ནི། །བསྒོ་བའི་ཚིག་བཞིན་ཉམས་སུ་ལེན་པ་ཡིན། །ཞེས་གསུངས་པ་བཞིན་བཀའ་དྲིན་རྗེས་དྲན་བྱེད་སྟངས་དེ་ཡང་དག་པ་ཞིག་ཇི་ལྟར་བྱེད་དགོས་སམ་ཞེ་ན། བཀའ་སློབ་དང་བསླབ་བྱ་གང་ཞིག་གནང་བ་དེ་དག་ཇི་མ་ཇི་བཞིན་རང་གིས་ཉམས་སུ་བླངས་ནས་༧རྒྱལ་བ་མཉེས་པ་ཞིག་བྱེད་ཐུབ་པ་ཡིན་ན། དེ་ནི་བཀའ་དྲིན་རྗེས་སུ་དྲན་ཚུལ་ཡག་ཤོས་དང་མཆོད་པ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ། དཔེར་ན། ང་ཚོས་བླ་མ་ལ་མཆོད་པ་འབུལ་སྐབས་མཆོད་པ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་དེ། བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱེད། །ཅེས་དང་། ནོར་ཟང་ཟིང་གི་འབུལ་བ་བདག་ལ་མེད། །ཕ་བླ་མའི་མཆོད་པ་སྒྲུབ་པས་འཇལ། ། ཞེས་གསུངས་པ་བཞིན། བླ་མས་གང་གསུངས་པ་དེ་རང་གིས་ཉམས་ལེན་ལ་འགེལ་ཐུབ་པ་ཡིན་ན། དེ་ནི་མཆོད་པ་ཡང་དག་པ་དང་བཀའ་དྲིན་རྗེས་དྲན་ཡང་དག་པ་དེ་ཆགས་ཀྱི་ཡོད་རེད། ༧སྐྱབས་མགོན་རིན་པོ་ཆེས་ད་ལྟ་འགྲོ་བ་མི་རིགས་དང་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་དང་། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་གཉིས་པོ་ངའི་དམ་བཅའ་གསུམ་གྱི་ནང་ནས་གནད་འགག་ཆེ་ཤོས་གཉིས་ཡིན་ཞེས་ཡང་ཡང་བཀའ་གནང་གི་ཡོད་རེད། བཀའ་གནང་བ་བཞིན་ང་ཚོས་ཀྱང་དང་པོ་སོ་སོའི་རྒྱུད་ཐོག་ལ་བཀལ་ནས་རང་གི་བཟང་སྤྱོད་དང་འགན་འཁྲི་དེ་ཚོ་ཚོར་སྣང་ཆེན་པོས་ཇི་ལྟར་ཡར་རྒྱས་གཏོང་ཐུབ་ཀྱི་འདུག དེ་ཡར་རྒྱས་ཕྱིན་པའི་ཐོག་ནས་འགྲོ་བ་མི་རིགས་གཞན་དག་ལ་ཁྱབ་སྤེལ་བྱེད་ཐུབ་པའི་ལས་དོན་བྱེད་ཐུབ་པ་ཡིན་ན། དེ་དངོས་གནས་བརྟན་བཞུགས་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་དང་། བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ལས་འགུལ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ། ༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་བསྒྲུབས་ནས་འགྲོ་བ་མི་རིགས་སྤྱི་ཡོངས་ལ་ཕན་པའི་རླབས་ཆེན་གྱི་མཛད་པ་ཡར་རྒྱས་གཏོང་རྒྱུའི་ནང་རང་ཉིད་ཀྱིས་ཀྱང་ཆ་ཤས་བླང་ཐུབ་རྒྱུའི་གནས་ཚུལ་ཞིག་ཡོང་གི་ཡོད་པས་དེ་འདྲ་བྱེད་ཐུབ་པ་ཡིན་ན་ཡག་པོ་རེད་བསམ་གྱི་ཡོད།། །།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་ལེ་ཚན་ཐོག་རྣམ་རྒྱལ་ཤཱསྟྲཱི་ལགས་ཀྱིས། དེ་རིང་རིན་པོ་ཆེ་ནེའུ་ཡོག་ལ་ཆིབས་བསྒྱུར་བསྐྱངས་པ་དང་བསྟུན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ་གྱི་ནང་ནས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་གོང་སྤེལ་སྐོར་ལ་འགྲེལ་བརྗོད་ངོ་སྤྲོད་གནང་བར་བསྐྱར་དུ་ཐུགས་རྗེ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

ཕྱིར་གོང་དུ་ལོག


 
css templates