website templates free download

Table

དཀའ་ངལ་དང་ལེན་ནམ་སྙིང་སྟོབས།
Self Acceptance/Courage

དམག་འཐབ་སྐབས་དམག་མི་ཡིས་ཕུབ་ཀྱིས་ཕ་རོལ་པོས་ཚུར་རྒོལ་ལས་བསྐྱབས་ཏེ་གདེང་སྤོབས་བསྐྲུན་པ་ལྟར། དཀའ་ངལ་དང་ལེན་དང་སྙིང་སྟོབས་བསྐྱེད་པས་རྐྱེན་ངན་ལས་སྐྱོབ་པ་དང་། དཀའ་ངལ་དེ་དག་ལ་གདོང་ལེན་བྱེད་པའི་ནུས་པ་སྤེལ།
In the same way a shield protects a warrior from a challenger’s attack and provides a measure of confidence, self-acceptance and inner courage protect one from adversity and empower one to withstand the challenges of life.

༤། དཀའ་ངལ་དང་དུ་ལེན་པའི་སྙིང་སྟོབས།

སྒྲུང་།

ཟམ་པ་སྐྲུན་མཁན་གྱི་དམ་བཅའ།

ཉིན་ཞིག མི་ཞིག་གིས་ཁལ་བཀལ་བའི་བོང་བུ་ཞིག་དེད་ནས་ཆུ་བོར་རྒལ་གྱིན་ཡོད། ཆུ་བོའི་དཀྱིལ་དུ་སླེབ་ལ་ཉེ་དུས་བོང་བུས་འདྲེད་བརྡར་ཤོར་ནས་ཆུའི་ནང་དུ་འགྱེལ་བ་དང་། མི་དེས་མྱུར་དུ་བོང་བུ་ཡར་སློང་བའི་སྐབས་སུ་ཁོ་ཡང་ཆུའི་ནང་དུ་འགྱེལ་ཞིང་། དེའི་མུར་ཆལ་ཆིལ་དུ་གཡོ་བའི་རྦ་རླབས་ཤིག་གིས་མི་ཟོག་གཉིས་ཀ་བཏུམས་ནས་མི་སྣང་བར་གྱུར། ལོ་དེའི་དབྱར་ཁར་ཆར་ཞོད་ཆེ་ཞིང་ཆུ་བོ་བྲུག་པའི་དུས་སུ། མི་ཟོག་མང་པོའི་ཚེ་སྲོག་དེ་ལྟར་ཤོར་གྱིན་ཡོད།

ཆུ་བོའི་ཚུར་ཕྱོགས་ན། བྱིས་པ་ཞིག་གིས་དེར་བལྟས་ནས་བསྡད་ཡོད། བྱིས་པ་དེའི་མིང་ལ་ཁྲོ་བོ་དཔལ་ལྡན་ཟེར། མི་ཟོག་གཉིས་དེ་ལྟར་ཤི་བ་མཐོང་བས། ཁོའི་ཡིད་ལ་སྙིང་རྗེ་ཚད་མེད་སྐྱེས་པ་དང་། སེམས་སྐྱོ་ཞིང་སྡུག་པའི་ངང་ནས་ཆུ་འགྲམ་དུ་ལངས་ཏེ་ཆུ་བོ་ཆལ་ཆིལ་དུ་བཞུར་བར་བལྟས་ནས། ལོ་མང་པོའི་རིང་ལ་ཆུ་བོ་འདིས་མི་ཅི་འདྲ་མང་པོ་ཞིག་གི་སྲོག་ཕྲོགས་ཡོད་དམ་སྙམ་ཞིང་། མི་རྣམས་བདེ་བླག་ཏུ་ཆུ་ལ་བརྒལ་ཐུབ་པའི་ཆེད་དུ། ཁོ་ནར་སོན་ན་ཆུ་ལ་ཟམ་པ་སྐྲུན་མཁན་ཞིག་བྱེད་རྒྱུའི་དམ་བཅའ་བརྟན་པོ་སྙིང་ལ་བཅངས།

རིག་གནས་སྦྱང་བའི་ཆེད་དུ་ཁོ་བྱང་སྡིངས་དགོན་པར་ཞུགས་ནས་གྲྭ་པ་བྱས་ཤིང་། མིང་ལ་བརྩོན་འགྲུས་བཟང་པོ་ཞེས་བཏགས། ཁོས་དཀའ་སྤྱད་འབད་བརྩོན་གྱིས་རིག་གནས་ཤེས་བྱར་སྦྱངས་པས་མཁས་པར་གྱུར།

རྗེས་སུ། ཁོ་སློབ་གཉེར་གྱི་ཆེད་དུ་ལྷ་སར་སོང་། ལྷ་གདོང་གྲུ་ཁ་ནས་གཙང་པོར་རྒལ་དུས། མི་མང་པོ་ཞིག་གྲུ་གླ་སྟེར་རྒྱུ་མེད་པར་ལུས་འདུག་པ་མཐོང་ནས། ཁོས་སེམས་ཀྱིས་མ་བཟོད་པར་གྲུ་པ་ལ་གྲུ་གླ་མི་ལེན་པར་མི་རྣམས་གྲུ་ལ་འདུག་ཏུ་འཇུག་རོགས་ཞེས་ཞུ་བ་འཐེན་པ་ལ། གྲུ་པས་ཁྱོད་རང་གི་གྲུ་གླ་སྟེར་རྒྱུ་མེད་པ་ཞིག་གིས་ད་དུང་མི་གཞན་གྱི་གྲུ་གླ་མ་ལེན་ཟེར་བ་ཅི་ཡིན་ཟེར་ནས། ཁོའི་མགོ་ལ་གྲུ་ཁེམ་གྱིས་གཞུས་ཏེ་ས་ལ་བསྒྱེལ་བ་རེད། དེ་ནས་ཁོས་ཉམ་ཐག་གི་མི་བགྲང་ལས་འདས་པ་ཞིག་གིས་འདི་འདྲའི་བརྙས་བཅོས་མྱོང་གིན་འདུག་སྙམ་ནས་སེམས་ཤིན་ཏུ་སྐྱོ་བ་དང་། མི་རྣམས་ཀྱི་གླ་སྟེར་མི་དགོས་པར་ཆུ་བོར་བརྒལ་ཐུབ་པའི་ཟམ་པ་ཞིག་འཛུགས་རྒྱུའི་དམ་བཅའ་སྔར་བས་ཇེ་བརྟན་དུ་གྱུར།

ཁོ་བལ་ཡུལ་དང་རྒྱ་གར་སོགས་ས་ཆ་མང་པོར་སོང་ནས་སྡུག་རུས་ཀྱིས་ཟམ་པ་བཟོ་བཀོད་དང་སྐྲུན་ཐབས། ལྕགས་བཞུ་བ་དང་ལྕགས་ཐག་རྡུང་བ་སོགས་ཀྱི་ལག་རྩལ་སློབ་སྦྱོང་བྱས། ཕྱི་ལོ་ ༡༤༣༠ ལོར། བརྩོན་འགྲུས་བཟང་པོས་བཟོ་བཀོད་བྱས་པའི་ལྕགས་ཐག་གི་ཟམ་པ་དང་པོ་དེ་ལྷ་སའི་སྐྱིད་ཆུའི་ལྷ་གདོང་གྲུ་ཁར་བཙུགས་པ་དང་། དེའི་རྗེས་སུ་ཁོང་གིས་བོད་ཡུལ་གྱི་ཆུ་ཆེན་ཡར་ཀླུང་གཙང་པོ་དང་འབྲི་ཆུ། རྫ་ཆུ། ཉག་ཆུ་སོགས་དྲག་ཏུ་འབབ་པའི་ཆུ་བོའི་ཐོག་ཏུ་ལྕགས་ཐག་གི་ཟམ་པ་མང་པོ་བསྐྲུན་ཏེ། རང་གི་ཆུང་དུས་ཀྱི་དམ་བཅའ་དེ་མངོན་འགྱུར་བྱས་པས། མི་རྣམས་ཀྱིས་ཁོང་ལ་ཐང་སྟོང་རྒྱལ་པོ་ཞེས་བསྔགས་ཤིང་ཡོངས་སུ་གྲགས་པར་གྱུར།

གོ་དོན།

དཀའ་ངལ་ཅི་འདྲ་ཞིག་འཕྲད་ཀྱང་དང་ལེན་བྱས་ཏེ་སེལ་ཐབས་བྱེད་ཐུབ་པའི་སྙིང་སྟོབས།

དཔེ་མཚོན།

ཐོན་མི་སཾ་བྷོ་ཊས་ཚ་གྲང་གི་སྡུག་བསྔལ་དང་རང་སྲོག་ཚུན་བློས་བཏང་སྟེ་རྒྱ་གར་དུ་ཡི་གེ་སློབ་པར་ཕེབས་པའི་སྙིང་སྟོབས་ལྟ་བུ།

༧གོང་ས་མཆོག་གིས།

དཀའ་ངལ་གང་འདྲ་ཞིག་ཡིན་ཡང་དེ་ལ་གདོང་ལེན་བྱེད་སྟངས་གཉིས་ཡོད་པ་རེད། གཅིག་ནི་དེའི་སྐོར་བསམ་བློ་ཙམ་ཡང་འཁོར་མ་བཅུག་པར་གཡོལ་ཐབས་བྱ་རྒྱུ་དང་། གཞན་ནི་གཡོལ་ཐབས་བྱ་རྒྱུུའི་ཚབ་ཏུ་དཀའ་ངལ་ལ་ངོས་ལེན་བྱ་རྒྱུ་དེ་ཡིན་པས། ཕྱི་མ་འདི་ཕན་ཐོགས་ཆེ་བ་ཡོད།

བསམ་བློའི་སྦྱོང་བརྡར།

  1. ང་ཚོར་འཕྲད་བཞིན་ཡོད་པའི་དཀའ་ངལ་ལམ་མི་འདོད་པའི་གནས་ཚུལ་གང་ཡིན་རུང་། རང་བཞིན་གྱིས་བྱུང་བ་ཞིག་མིན་པར་རྒྱུ་རྐྱེན་གཞན་མང་པོ་ཞིག་ལ་བརྟེན་ནས་འབྱུང་གི་ཡོད་པའི་དངོས་ཡོད་གནས་ཚུལ་ལ་བསམ་བློ་ཡང་ཡང་གཏོང་དགོས།
  2. གལ་ཏེ་བཅོས་སུ་མེད་པ་དང་སེལ་ཐབས་མེད་པའི་ཕྱིའི་འབྱུང་བའི་གནོད་པ་དང་། རྒ་བ་དང་འཆི་བ་ལྟ་བུའི་རྐྱེན་ངན་དེ་དག་ང་ཚོའི་ཐོག་ཏུ་བབས་ཚེ། དཀའ་ངལ་དེ་དག་ལས་གཡོལ་ཐབས་མེད་པའི་རང་བཞིན་ཐོག་བསམ་བློ་གཏོང་དགོས།
  3. དཀའ་ངལ་དང་དུ་ལེན་མི་ནུས་སྙམ་པ་ནི། བདག་ཉིད་ལ་བརྙས་པའི་ལེ་ལོ་ཡིན་པས་དེ་ལ་བརྟེན་ནས་བཟང་པོའི་ལས་ལ་འཇུག་མི་ནུས་པ་མ་ཟད། ལེགས་པའི་ཡོན་ཏན་ཐམས་ཅད་ཀྱི་སྒོ་འགགས་ནས་དོན་གང་ཡང་མི་འགྲུབ་པས། རང་གིས་འབད་བརྩོན་བྱས་ན་བསྒྲུབ་མི་ཐུབ་པ་གཅིག་ཀྱང་མེད་བསམ་ནས་སེམས་ཤུགས་བསྐྱེད་པ་དང་། རང་ལ་འཕྲད་པའི་སྡུག་བསྔལ་རྣམས་ཁུར་དུ་མ་སོང་བར་རྒྱན་དུ་འགྲོ་བ་ཞིག་བསམ་བློ་གཏོང་བའི་སྦྱོང་བརྡར་བྱེད་དགོས།
  4. དཀའ་ངལ་དང་ལེན་གྱི་སྙིང་སྟོབས་མེད་ན་སྡུག་བསྔལ་ཕྲ་མོ་ཙམ་ཡང་དང་ལེན་བྱེད་མི་ཐུབ་པས། ཁོང་ཁྲོའི་གཞན་དབང་དུ་ཤོར་ནས་མ་རབས་ཀྱི་བྱ་སྤྱོད་རྣམས་ངང་གིས་འབྱུང་བ་ཡིན་པས་དཀའ་ངལ་དང་དུ་ལེན་པའི་གོམས་འདྲིས་ཡང་ཡང་བསྟེན་དགོས

ཉིན་རེའི་ལག་ལེན།

དུས་རྒྱུན་འཕྲད་བཞིན་པའི་དཀའ་ངལ་མང་ཆེ་བ་བསམ་བློ་གཏོང་མ་ཤེས་པས་བཟོས་པ་ཞིག་ཡིན་པས་བསམ་བློ་བཟང་ཕྱོགས་ནས་བཏང་སྟེ། དཀའ་ངལ་དེ་སེལ་ཐབས་མེད་ན་སེམས་ཁྲལ་བྱས་ཀྱང་མི་ཕན་པ་དང་། སེལ་ཐབས་ཡོད་ན་སྡུག་བསྔལ་བྱས་ནས་མི་སྡོད་པར་དེ་སེལ་བའི་ཐབས་ལམ་ལ་བསམ་བློ་གཏོང་བ་རྒྱུན་དུ་འབད་བརྩོན་བྱེད་དགོས།

བྱེད་སྒོ།

    མདུད་པ་བཀྲོལ་བ།
  1. སློབ་མ་རེ་རེར་སྐུད་པ་ཕྲ་བོ་ལ་མདུད་པ་དམ་ལྷོད་མང་པོ་བརྒྱབ་པ་རེ་སྤྲོད་དགོས།
  2. སོ་སོ་ལ་ཐོབ་པའི་སྐུད་པའི་མདུད་པ་བཀྲོལ་དུ་འཇུག་དགོས།
  3. མདུད་པ་བཀྲོལ་བའི་བརྒྱུད་རིམ་གྱི་མྱོང་ཚོར་འབྲི་བ་དང་ཤོད་དུ་འཇུག་དགོས།

Back To Top

 
Showing entries (filtered from total entries)